༄༅། །རྒྱ་ནག་བཅིངས་བཀྲོལ་དམག་གིས་ཕྱི་ལོ་ ༡༩༦༢ ལོའི་ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་དཀར་ནག་དབར་ཕྱི་ལོ་ ༡༩༥༤ ལོར་བསླབ་པ་ལྔའི་གྲོས་མཐུན་ནམ་ཧིན་སྐད་དུ་པན་ཅ་ཤཱིལ་ ( Panchsheel agreement) ཞེས་པའི་ཆིངས་ཡིག་བཞག་ཡོད་པ་དེ་རྩིས་མེད་སྣང་ཆུང་དུ་བཏང་སྟེ་རྒྱ་གར་ལ་དམག་འཁྲུག་བརྒྱབ་པ་དེར་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༠ ཉིན་འཕགས་བོད་འབྲེལ་མཐུད་ཚོགས་པས་ (Bharat Tibbat Sahyog Manch) རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཅཱ་ནཀྱ་པུ་རི་ (Chanakyapuri) ཞེས་པའི་ཁུལ་དུ་དྲན་གསོ་དང་། རྒྱ་མི་བོད་ནས་ཕར་ལོག་ཅིག བོད་ལ་རང་དབང་དགོས། བོད་ནང་མི་གསོད་ཁྲག་སྦྱོར་མཚམས་འཇོག་དགོས་ཞེས་སོགས་ཀྱི་སྐད་འབོད་གནང་སྟེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད།དེ་བཞིན་ཅན་ཌཱི་གར་དང་། ཨ་ཝ་དྷི། (Awadh) ཆ་ཏི་སི་སྒར། (Chattisgarh) ཨམ་བྷ་ལ། (Ambala) ཆི་ཊོར་ (Chittor) བཅས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གི་ནང་ས་གནས་འཕགས་བོད་འབྲེལ་མཐུད་ཚོགས་པས་ཞི་བའི་ངོ་རྒོལ་སྐད་འབོད་གནང་ཡོད།
ཐེངས་འདིའི་ངོ་རྒོལ་ལས་འགུལ་ལ་རྒྱ་གར་རྒྱལ་ཡོངས་འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲུང་ཆེ་པན་ཀ་ཇི་གོ་ཡལ་ (Shri Pankaj Goyal) ལགས་དང་། ལྡི་ལི་ས་གནས་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ཨ་ནིལ་མོན་གཱ་ (Shri Anil Monga) ལགས། དེ་བཞོན་ལྡི་ལི་ས་གནས་བུད་མེད་ཚོགས་པ་དང་། ལྡི་ལི་ས་གནས་རང་བདེན་ཚོགས་ཆུང་། ལྡི་ལི་ས་གནས་གཞོན་ནུ་ལྷན་ཚོགས། འཕགས་བོད་འབྲེལ་མཐུད་ལས་ཁང་བཅས་ཀྱི་སྐུ་ཚབ། ལྡི་ལི་ས་གནས་བོད་མི་བཅས་མཉམ་ཞུགས་གནང་ཡོད།།