༄༅། །ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༦ ནས་ ༡༨ བར་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་པ་ (the 8th Parliament of the World’s Religions) དེ་བཞིན་ཐེངས་དང་པོ་དྲ་ལམ་བརྒྱུད་ཚོགས་ཡོད་པ་དང་། བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་མཉམ་ཞུགས་གནང་ཡོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་བརྒྱུད་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཀའ་སློབ་སྩལ་ཡོད།
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་ཧིན་དུ་ཐེབས་རྩ་ཁང་ (American Hindu Foundation) ནས་བྱམས་བརྩེ་ཉམས་ལེན་དང་རྒྱ་གར་ནང་གི་སྐྱབས་བཅོལ་བ་རྣམས་ཀྱི་ཁྱིམ་གཞི་ (Compassion in Action – A home for refugees in India) ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སླད་མགྲོན་འབོད་ལྟར་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཆེད་ཕེབས་ཀྱིས་བྱམས་བརྩེ་ཉམས་ལེན་དང་རྒྱ་གར་ནང་གི་སྐྱབས་བཅོལ་བ་རྣམས་ཀྱི་ཁྱིམ་གཞི་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
གཞན་ཡང་གཏམ་བཤད་གནང་མཁན་ཨ་རིའི་འཇིའུ་ཚོགས་པའི་ (American Jewish community) སྐུ་ཚབ་ནི་སིམ་ (Nissim Reuben) ལགས་དང་། པན་ཇཱབ་ཐེབས་རྩ་ཁང་ (The Punjab Foundation) གི་སྐུ་ཚབ་སུ་ཁི་ཅ་ཧལ་ (Sukhi Chahal) ལགས། བཱངྒ་ལ་དེཤ་ཧིན་དུ་ཚོགས་པའི་ (Bangladesh Hindu community) སྐུ་ཚབ་ཨ་ཤོཀ་ཀར་མ་ཀར་ (Ashok Karmaker) ལགས་བཅས་ཕེབས་ཡོད། ཨ་རིའི་ཧིན་དུ་ཐེབས་རྩ་ཁང་གི་ལས་བྱེད་ཌི་པཱ་ལི་ཀུལ་ཀར་ནི་ (Deepali Kulkarni) ལགས་ཀྱིས་བགྲོ་གླེང་གཙོ་སྐྱོང་གནང་ཡོད།
བྱང་ཨ་རི་སྐུ་ཚབ་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་རྒྱ་གར་གཞུང་མང་གཉིས་ནས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ལ་གཟིགས་སྐྱོང་ཧ་ཅང་ཡག་པོ་གནང་གི་ཡོད་སྟབས་བོད་མི་རྣམས་ཕྱིའི་རྒྱལ་ཁབ་ཏུ་ཡོད་པ་ཚོར་གྱི་མེད། ཅེས་དང་། རྒྱ་གར་གཞུང་མང་གཉིས་ནས་གཏོང་ཕོད་ཆེན་པོའི་སྒོ་ནས་བཙན་བྱོལ་བོད་མི་རྣམས་ལ་གཟིགས་སྐྱོང་གནང་བ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མི་ཚོས་རྒྱ་གར་ནང་བོད་མིའི་ཆོས་དང་། རིག་གཞུང་། ཤེས་ཡོན་མི་ཉམས་རྒྱུན་འཛིན་གནང་ཐུབ་ཡོད་པ་མ་ཟད། བོད་མིའི་དྲང་བདེན་གྱི་འཐབ་རྩོད་དེ་ཡང་མུ་མཐུད་གསོན་པོར་གནས་ཡོད། ཅེས་གསུངས།
གཞན་ཡང་ཁོང་གིས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་མུ་མཐུད་བོད་ནང་བོད་ཀྱི་རིག་གཞུང་དང་ངོ་བོ་བཅས་པ་གཏོར་བཤིག་གཏོང་བཞིན་ཡོད་པ་མ་ཟད། དྲག་གནོན་དང་བོད་མི་བཙོན་འཇུག་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས།
མཐར་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་རྒྱ་གར་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཆེད་མཐུན་འགྱུར་ཧ་ཅང་གནང་བཞིན་པར་ཐུགས་རྗེ་ཞུས་ཡོད། བགྲོ་གླེང་གྲོལ་རྗེས་དྲི་བ་དྲིས་ལེན་གནང་ཡོད་པ་བཅས།།