༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༧ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༨༠ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་བཅས་ཡིན།
དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༢ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༣ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༡༡༡ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༢༣༡ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༣༤༢ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༥༢༩༦༦ ལ་རིན་མེད་བགོ་འགྲེམས་གནང་ཡོད།
སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་ ༡༥ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད།
དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༣༩༡༢༤ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༡༡༩༢༦ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༥༣༤ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༣༦༦༦ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༦ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༡ བཅས་ཀྱི་བོད་མི་གྲངས་ ༣༨༤ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༨༡ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༦༡ དང་། བུད་མེད་གྲངས་༢༠ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༣ དང་ཆུང་ཤོས་དེ་ལོ་ ༤ ཡིན། བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་ ༡ འདས་གྲོངས་སུ་གྱུར་ཡོད།
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༦༠༡ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༦༢༩༡། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༥༡། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༡༥༩ ཡོད། ཅེས་སོགས་གསུངས།
མཐར་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་དོན། སྤྱིར་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་ལྟར་རྒྱ་གར་ནང་དུའང་གནས་སྟངས་ཇེ་བཟང་དུ་འགྲོ་བཞིན་ཡོད། འདས་པའི་ཆུ་ཚོད་ ༢༤ ནད་གཞི་གསར་པ་ཕོག་མཁན་མི་གྲངས་སྟོང་ཕྲག་ཉི་ཤུ་རྩི་གཉིས་དང་བཞི་བརྒྱ་སུ་ཅུ་སོ་གཅིག་དང་། མི་གྲངས་སུམ་བརྒྱ་བཅོ་བརྒྱད་འདས་གྲོངས་སུ་གྱུར་ཡོད་འདུག ད་ལྟའི་ཆར་གནས་སྟངས་ཡར་རྒྱས་འགྲོ་བཞིན་ཡོད་ནའང་ཕྱི་ཟླ་ ༡༠ ནང་རྒྱ་གར་ནང་དུས་ཆེན་མང་པོ་ཞིག་འཁེལ་གྱི་ཡོད་པར་བརྟེན་ནད་ཡམས་ཁྱབ་བརྡལ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་སྟབས། མང་ཚོགས་ནས་ལྷོད་གཡེང་དུ་མ་སོང་བར་སྔོན་འགོག་གི་ཐབས་ལམ་ཁག་སྔར་ལྟར་མུ་མཐུད་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༨༠ དེ་མཇུག་སྒྲིལ་གནང་ཡོད། །