༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་རྡ་ས་དབུས་བོད་ཀྱི་སྨན་རྩིས་ཁང་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ཨ་རི་གསེར་གི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༤ འཁོར་བ་དང་། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་ ༡༠༥ འཁོར་བ། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འཕགས་ཡུལ་རྡ་རམ་ས་ལར་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༦༠ འཁོར་བ་བཅས་ཀྱི་དུས་དྲན་མཛད་སྒོ་གཟབ་རྒྱས་ཚོགས་སོང་།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༡༥ ཙམ་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། བོད་ཀྱི་སྨན་རྩིས་ཁང་གི་ངེས་སྟོན་པས་གཙོས་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི། དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་སྨན་རྩིས་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་ནས་གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་བཅས་གསུང་འདོན་གནང་གྲུབ་མཚམས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུང་བཤད་གནང་། དེ་ནས་སྨན་རྩིས་ཁང་གི་མཐོ་སློབ་སློབ་མ་དང་རྒྱལ་སྤྱིའི་སྨན་སློབ་རྣམས་ནས་གཞས་སྣ་ཁག་གཅིག་གཟིགས་འབུལ་ཞུས་གྲུབ་བསྟུན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་སྨན་རྩིས་ཁང་གིས་པར་སྐྲུན་གནང་བའི་དཔེ་དེབ་ཁག་གཅིག་དང་སྨན་སྦྱོར་ཁང་གི་གསར་བཟོ་གནང་བའི་གསོལ་སྨན་གོ་ཡུ་བདུན་སྦྱོར་བཅས་དབུ་འབྱེད་དང་། སྨན་སློབ་སྐབས་ ༢༠།༢༡ དང་རྩིས་སློབ་སྐབས་ ༡༡ བཅས་ཀྱི་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་སོན་པའི་སློབ་མ་རྣམས་དང་། ཕྱི་ལོ་ ༢༠༢༠ ལོའི་སློབ་མ་སྤྱི་ཡོངས་བརྒྱ་ཆ་མཐོ་ཤོས། ཕྱི་ལོ་ ༢༠༢༠ ལོའི་བུ་དང་བུ་མོའི་སྤྱི་ཁྱབ་རྒན་བདག་བཅས་ལ་བྱ་དགའ་དང་ཕྱག་འཁྱེར་གནང་སྟེ་གསུང་བཤད་གནང་།དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་ནང་གསོ་རིག་ཐོན་དངོས་ཚོང་འགྲེམས་ཀྱི་དྲྭ་ཚིགས་ (www.product.men-tsee-khang.org) ཞེས་པ་དབུ་འབྱེད་དང་། དེ་བཞིན་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༣༠ དང་ ༢༠ ལོན་པ་རྣམས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ་གསུང་བཤད་གནང་།
མཐར་བོད་ཀྱི་སྨན་རྩིས་ཁང་གི་དྲུང་ཆེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།