༄༅། །བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་བགྲང་བྱ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༢ ཉིན་གྱི་དགོང་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་དགོང་དྲོའི་གསོལ་ཚིགས་རྒྱས་པ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་རཱ་ཇེནྡྲ་ཝིཤྭ་ནཐ་ཨར་ལེ་ཀར་ (Shri. Rajendra Vishwanath Arlekar) མཆོག་དང་། ཆེ་བསྟོད་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ། འཕགས་བོད་འབྲེལ་མཐུད་ཚོགས་པ་ (Bharat Tibbat Sahyog Manch) ཞེས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་ (Indresh Kumar) ལགས། དེ་བཞིན་ཀངྒ་རཱ་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་ནི་པུན་ཇིན་ཌལ་ (Nipun Jindal) ལགས་དང་། ཀངྒ་རཱ་རྫོང་གི་སྤྱི་ཁྱབ་ཉེན་རྟོག་པ་སྐུ་ཞབས་ཀུ་ཤལ་ཅནྟ་ཤཱར་མ་ (Dr Kushal Chand Sharma) ལགས། ཀངྒ་རཱ་རྫོང་གི་རྫོང་དཔོན་གཞོན་པ་སྐུ་ཞབས་ཧ་རིཤ་གཱཇ་ཇུ་ (Harish Gajju) ལགས་དང་སྐུ་ཞབས་རཱ་ཧུལ་ཀུ་མཱར་ (Rahul Kumar) ལགས་སོགས་སྐུ་མགྲོན་དུ་ཕེབས་ཡོད།སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ཀྱི་ཐུགས་རྗེ་བཀའ་དྲན་མཚོན་སླད་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་རཱ་ཇེནྡྲ་ཝིཤྭ་ནཐ་ཨར་ལེ་ཀར་མཆོག་དང་སྐུ་ཞབས་ཨིན་དེ་རེ་ཤི་ཀུ་མཱར་མཆོག་རྣམ་གཉིས་ལ་སྐུ་ཐང་རེ་ཕུལ་གནང་ཡོད། དགོང་དྲོའི་གསོལ་ཚིགས་ཀྱི་མཛད་སྒོར་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་དང་ས་གནས་ཡུལ་མིའི་སྲོལ་རྒྱུན་གཞས་སྣ་གཟིགས་འབུལ་ཞུས་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།