༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༣༠ རེས་གཟའ་ཕུར་བུ་ཉིན་ཇར་མ་ནཱིར་རྟེན་གཞི་བྱས་པའི་ཡུ་རོབ་ཀྱི་འབོད་སྒྲ་ (Voice of Europe) ཞེས་པའི་གསར་ཁང་དང་། རྒྱ་ནག་མང་གཙོའི་མནའ་འབྲེལ་ཚོགས་པ་ (Federation for a Democratic China) གཉིས་ཀྱི་གོ་སྒྲིག་འོག་རྒྱ་ནག་གི་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་རིག་གཞུང་སྣ་མང་ལས་གྲུབ་པའི་ཐུན་མོང་གིས་ཁ་གཏད་གཅོག་པ་ (Humanity at a Crossroads in China—A multi-cultural Pushback against Dictatorship) ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་བགྲེ་གླེང་ཞིག་བསྐོང་ཚོགས་གནང་ཡོད།
དེ་ཡང་བགྲོ་གླེང་ཐོག་ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་འཇམ་དབྱངས་ཚེ་རིང་ལགས་དང་། ཐའེ་ཝན། ཧོང་ཀོང་། ལྷོ་སོག་པོ། ཤར་ཏུར་ཀི་སི་ཐན་བཅས་ཀྱི་སྐུ་ཚབ་མཉམ་ཞུགས་གནང་ཡོད་པ་དང་། བགྲོ་གླེང་ཐོག་འཇམ་དབྱངས་ཚེ་རིང་ལགས་ཀྱིས་སྐུ་ཚབ་ཁག་གཅིག་ནས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་སྐོར་གསུང་བཤད་གནང་བར་རྒྱབ་སྐྱོར་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་གི་བཀའ་སློབ་དང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལམ་སྟོན་གཞིར་བཟུང་རྒྱ་རིགས་དང་ལྷན་ལས་འགུལ་སྤེལ་ཕྱོགས་ཐད་མུ་མཐུད་འབད་བརྩོན་གནང་བཞིན་ཡོད་སྐོར་སོགས་གསུངས།
ཇར་མ་ནཱིར་ཡོད་པའི་ཐའེ་ཝན་གྱི་གཞུང་ཚབ་ཆེན་མོ་ (Hsieh Chih-Wei) ལགས་ཀྱིས་ཐའེ་ཝན་དང་། བོད། ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ། ཧོང་ཀོང་། རྒྱ་ནག་སྐམ་ས་ཆེན་པོ་བཅས་ཀྱི་རང་དབང་དང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་སྐོར་ནན་བརྗོད་གནང་ཡོད་པ་མ་ཟད། རྒྱ་ནག་གི་བཙན་གནོན་འོག་ཡོད་པ་ཡོངས་རྫོགས་གཅིག་སྒྲིལ་གྱི་ཐོག་ནས་རྒྱ་ནག་གི་སྲིད་དབང་སྒེར་འཛིན་ལམ་ལུགས་གདོང་ལེན་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་གནང་ཡོད། དེ་ནས་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་སྐུ་ཚབ་ཀུར་བྷན་ (Kuerban Haiyuer) ལགས་དང་། ལྷོ་སོག་མི་མང་ཚོགས་པའི་ཚོགས་གཙོ་ཞི་ཧེ་མིན་ (Xi Haiming) ལགས། སྦར་ལིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཛིན་སྐྱོང་འགན་འཛིན་ (Tenzyn Zöchbauer) ལགས། ཡུ་རོབ་ཀྱི་རྒྱབ་ཁབ་ནི་དར་ལེནྜའི་གྲོང་ཁྱེར་ཧེ་གྷིའི་ (Hague) ནང་གི་རྒྱ་ནག་མང་གཙོའི་མནའ་འབྲེལ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཝང་གི་ཤིན་ (Wang Gouxing) ལགས་སོགས་ཀྱིས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་རྩ་གཏོར་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ། དེ་བཞིན་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པ་སོགས་ལ་ཧ་ཅང་བློ་འཚབ་ཆེན་པོའི་སྒོ་ནས་གསུངས་ཡོད་པ་བཅས། །