༄༅། །ཐའེ་ཝན་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་འགྲེམས་སྟོན་ཁང་དང་། ཨེ་ཤི་ཡ་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་རྒྱལ་སྤྱིའི་གནའ་འབྲེལ་འགྲོ་བ་མིའི་ཐོབ་ཐང་འགྲེམས་སྟོན་ཁང་། རྒྱལ་སྤྱིའི་མཉམ་འབྲེལ་དྲན་རྟེན་ས་ཁུལ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༠ ཉིན་རྒྱལ་སྤྱིའི་གནས་སྤོ་བ་དང་འགྲོ་བ་མིའི་ཐོབ་ཐང་དྲ་ཐོག་གླེང་སྟེགས་ཀྱི་བགྲོ་གླེང་སྟེང་མཉམ་ཞུགས་གནང་ཡོད།
དེ་ཡང་མགྲོན་འབོད་གནང་བ་ལྟར་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་རྒྱལ་སྤྱིའི་གནས་སྤོ་བའི་ལོ་རྒྱུས་ཀྱི་བརྗོད་གཞི་དང་འབྲེལ་རྒྱ་བལ་གཉིས་ཀྱི་བཙན་བྱོལ་བོད་མིའི་གནས་བབ་མཚུངས་བསྡུར་གྱི་ལམ་ནས་འགྲེལ་བརྗོད་གནང་ཡོད། སྐབས་དེར་ཁོང་གིས་བོད་ཀྱི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། རྒྱ་བལ་གཉིས་ཀྱི་ནང་ཡོད་པའི་བཙན་བྱོལ་བོད་མིའི་གནས་བབ། རྒྱ་ནག་དམར་ཤོག་གཞུང་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་རྣམས་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་ཀྱི་ནང་བཙན་བྱོལ་དུ་ཕེབས་པའི་སྐོར་གསུངས།གཞན་ཡང་ཁོང་གིས་བལ་ཡུལ་ནང་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་སྐྱབས་བཅོལ་བའི་ལག་དེབ་དང་། ཤེས་ཡོན། ལས་ཀ། ཆབ་སྲིད། རིག་གཞུང་སོགས་ཀྱི་ཐོབ་ཐང་མེད་པའི་དཀའ་ངལ་འཕྲད་བཞིན་པའི་སྐོར་གསུངས་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་དང་བལ་ཡུལ་དབར་ཕྱི་མི་ཕྱིར་འབུད་སྐོར་གྱི་གྲོས་མཐུན་ཆིངས་ཡིག་ཅིག་བཞག་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། རྒྱ་ནག་དང་བལ་ཡུལ་དབར་ཕྱི་མི་ཕྱིར་འབུད་སྐོར་གྱི་གྲོས་མཐུན་ཆིངས་ཡིག་ཅིག་བཞག་ཡོད་པའི་གནས་ཚུལ་དེ་བདེན་པ་ཡིན་ཚེ་བལ་ཡུལ་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་སྟོང་ཕྲག་མང་པོ་བོད་ལ་ཕྱིར་འབུད་གཏོང་སྲིད་པའི་ཉེན་ཁ་སོགས་ཀྱི་སྐོར་གསུངས།
རྒྱལ་སྤྱིའི་གནས་སྤོ་བ་དང་འགྲོ་བ་མིའི་ཐོབ་ཐང་དྲ་ཐོག་གླེང་སྟེགས་ཀྱི་བགྲོ་གླེང་སྟེང་གཏམ་བཤད་གནང་མཁན་གཞན་ཁག་གཅིག་ནི། ཕཱ་རན་སིའི་གཞིས་སྤོས་ལོ་རྒྱུས་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་དྲ་རྒྱ་དང་མཉམ་སྦྲེལ་ཚན་པའི་འགན་འཛིན་ཨ་གི་ནེ་སི་རོ་ཐི་ (Agnès Arquez Roth) ལགས་དང་། ཨ་རིའི་ཨིན་ཇེལ་ཨ་ཡི་སི་ལན་ཌི་གཞིས་སྤོས་ཚོགས་པའི་ངེས་སྟོན་པ་ཨེ་ཌི་ཊེ་པོན་ (Ed Tepporn) ལགས། ཐའེ་ཝན་རྒྱལ་ཡོངས་ལོ་རྒྱུས་འགྲེམས་སྟོན་ཁང་གི་མི་མང་ཞབས་ཞུ་དང་ཤེས་ཡོན་ཚན་པའི་དོ་དམ་པ་དང་འགོ་ཁྲིད་ཕྱག་སྦྲེལ་ནི་ཝུ་ (Chia-Ni Wu) ལགས་བཅས་ཡིན། །