༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༤ རེས་གཟའ་ཟླ་བ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཐའེ་ཝན་གཞུང་ཚབ་ཆེན་མོའི་ལས་ཁུངས་སུ་ཐའེ་ཝན་གྱི་གཞུང་ཚབ་ཆེན་མོ་སྐུ་ཞབས་གཱི་པའོ་ཤུན་ (H.E. Baushuan Ger) མཆོག་དང་མཇལ་འཕྲད་གནང་སྟེ་དུས་ཡུན་ཆུ་ཚོད་གཅིག་ལྷག་ཙམ་རིང་ཐུན་མོང་གིས་ཐུགས་ཁུར་གནང་ཡུལ་དང་། ཁེ་ཕན་གྱི་གནད་དོན་ཐོག་གོ་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད། རྒྱལ་ཁབ་གཞན་གྱི་རྒྱལ་འབྲེལ་སྐུ་ཚབ་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད།
དེ་ཡང་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་བའི་སྐོར་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་འཚམས་གཟིགས་ཕེབས་པ་ད་ལམ་ཐེངས་གསུམ་པ་ཆགས་ཀྱི་ཡོད། གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་དང་གཉིས་པའི་སྐབས་གཙོ་ཆེ་རྒྱ་གར་གྱི་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་ཡོད་པ་རེད། ད་ལན་ཉིན་གཅིག་གི་འཚམས་གཟིགས་སྐབས་གཙོ་བོར་ཕྱི་རྒྱལ་གཞུང་ཚབ་ཁག་གི་མི་སྣ་དང་ལྷན་མཇལ་འཕྲད་གནང་ཡོད་པའི་ཁོངས་གཙོ་བོར་ཐའེ་ཝན་གཞུང་ཚབ་དང་དེ་མིན་གཞུང་ཚབ་ཁག་གཉིས་ཀྱི་གནད་ཡོད་མི་སྣ་དང་ལྷན་མཇལ་འཕྲད་གནང་ཡོད། ཅེས་གསུངས། །