༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་ས་གནས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༩ ཉིན་རྡ་ས་ནས་ཕེབས་ཐོན་གྱི་ཕྱི་དྲོ་ས་གནས་སུ་གནད་ཡོད་མི་སྣ་རྣམས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།
ཕྱི་ཚེས་ ༢༠ རེས་གཟའ་ལྷག་པ་སྔ་དྲོ་ཆུ་ཚོད་ ༡༠ སྟེང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་སྐོར་སྐྱོད་ཁྲིམས་ཞིབ་ཁང་དབུ་འབྱེད་གནང་ཡོད། མཛད་སྒོ་ཐོག་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་མཆོག་གི་མི་ཚེ་ལོ་རྒྱུས་ངོ་སྤྲོད་གནང་སྒྲུབ་མཚམས། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མང་གཙོ་གསོལ་བསྩལ་གནང་བ་དེའི་འཕེལ་རིམ་དང་། ཁྲིམས་ལུགས་དབང་འཛིན་གྱི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་། ས་གནས་ཁྲིམས་ཞིབ་ཁང་བཅས་ཀྱི་ངོ་བོ་དང་། འགན་དབང་། ཁྲིམས་ཁོངས་ཁྱབ་ཚད། གལ་གནད་སོགས་དང་། དེ་བཞིན་སྐོར་སྐྱོད་ཁྲིམས་ཞིབ་ཁང་གསར་འཛུགས་ཀྱི་དགོས་དམིགས་ངོ་སྤྲོད་གསུང་བཤད་གནང་།
ས་གནས་ཁྲིམས་ཞིབ་ཁང་གི་ཁ་མཆུའི་གནས་སྟངས་ལ་གཞིགས་ཏེ། སྐོར་སྐྱོད་ཁྲིམས་ཞིབ་ཁང་ཟུར་འཛུགས་བྱེད་མ་དགོས་པར། གོང་ཞུའི་རིགས་ཐད་ཀར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱེད་ཆོག་པའི་ཐབས་ཤེས་བྱས་ཡོད་ནའང་། ཁྲིམས་ལུགས་དབང་འཛིན་གྱི་སྒྲིག་འཛུགས་གྲུབ་སྟངས་དང་། འགྲོ་ལུགས། ལྟ་གྲུབ་གང་ཅིའི་ཐད་ནས་སྐྱོན་གནད་ལྷག་གི་ཡོད་པ་དང་། ས་གནས་ཁྲིམས་ཞིབ་ཁང་གི་ཐག་གཅོད་བཅད་ཁྲའི་ཐོག་གོང་ཞུ་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད་དུ་ཡོད་པའི་ཁ་མཆུ་རིགས་ཞུ་གཏུག་བཅས་ཀྱི་ཆེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ པའི་ནང་གསེས་ ༡ པོ་དང་། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་ལེའུ་གསུམ་པ་ཁྲིམས་ཞིབ་ཁང་འོག་མ་ཁག་ཞེས་གསལ་བའི་དགོངས་དོན་ལྟར། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༨ ཉིན་སྐོར་སྐྱོད་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་བསྐོ་གཞག་གིས་ལས་འཁུར་དམ་བཅའ་འབུལ་བཞེས་གནང་སྟེ། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༥ ཉིན་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་ཏུ་གསལ་བའི་སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ཐོག་མའི་གཏུག་བཤེར་དང་། གོང་ཞུའི་ཁྲིམས་ཁོངས་ཁྱབ་ཚད་དུ་གཏོགས་པའི་ཁ་མཆུའི་རིགས་མཐའ་དག་སྐོར་སྐྱོད་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་ཆོག་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པ་བཅས་གསུངས་གནང་སོང་། མཛད་སྒོའི་སྐབས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ཨར་ལས་ཚོགས་ཆུང་གི་ཚོགས་མི་རྣམས་དང་ཨར་ལས་ལྟ་རྟོག་འགན་འཁུར་བ་བཅས་ལ་ལེགས་གསོལ་མཇལ་དར་ཕུལ། དེའི་རྗེས་སྐོར་སྐྱོད་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་གནང་ཡོད།
སྐོར་སྐྱོད་ཁྲིམས་ཞིབ་ཁང་གསར་རྒྱག་གི་ལས་གཞི་འདི་ཉིད་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༩ ཉིན་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༨ ཉིན་ལེགས་གྲུབ་ཐུབ་པ་བྱུང་ཡོད། དབུ་འབྱེད་མཛད་སྒོ་ཐོག་སྐོར་སྐྱོད་ཁྲིམས་ཞིབ་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཟུང་དྲུང་། ས་འཐུས་སྐུ་ཚབ། ས་གནས་འགོ་འཛིན། ས་གནས་ཀྱི་སྒྲིག་འཛུགས་ཁག་གི་ཚོགས་གཙོ་འགན་འཛིན་དང་དྲུང་ཆེ། སྤྱི་བརྒྱའི་སྐུ་ཚབ། བྱང་ཁྲིམས་ཀྱི་ལས་བྱེད་བཅས་བཅར་ཞུགས་གནང་ཡོད།
ཉིན་རྒྱབ་ཆུ་ཚོད་ ༢༌༣༠ ནས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྐོར་སྐྱོད་དང་ས་གནས་ཁྲིམས་ཞིབ་ཁང་གཉིས་ཀྱི་སྤྱི་ཡོངས་ལས་དོན་ཐོག་ཞིབ་འཇུག་གནང་སྟེ། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༡ ཉིན་རྡ་སར་ཕེབས་འབྱོར་གནང་འཆར་ཡིན་འདུག་པའི་གནས་ཚུལ་དུ། །