༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༩ ཉིན་ཐའེ་ཝན་རིག་གཞུང་ལྷན་ཁང་བོད་སོག་རིག་གཞུང་བསྟི་གནས་ཁང་ནས་གཙོ་གཉེར་ཐོག་བོད་དང་སོག་པོའི་གློག་བརྙན་དུས་སྟོན་གྱི་དབུ་འབྱེད་མཛད་སྒོ་ཞིག་ཧཱ་ཧྲན་གསོལ་མགྲོན་ཁང་དུ་བསྐྱངས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཐའེ་ཝན་དུ་བཅའ་སྡོད་སོག་པོ་གཞུང་ཚབ་དང་། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད། གཞན་ཡང་འཇར་མ་ནི། ཁེ་ན་ཌ་སོགས་གཞུང་ཚབ་ཁང་གི་ལས་བྱེད་གདན་ཞུ་གནང་ཡོད་པ་རེད། ཐོག་མར་རིག་གཞུང་ལྷན་ཁང་གི་བློན་ཆེན་གཞོན་པ་ནས་དུས་སྟོན་གོ་སྒྲིག་ཞུ་བའི་དགོས་དམིགས་ངོ་སྤྲོད་གནང་རྗེས། མཛད་སྒོར་བཅར་བའི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་དང་ལས་བྱེད་རྣམས་ངོ་སྤྲོད་གནང་།ཐེངས་འདིའི་གློག་བརྙན་དུས་སྟོན་ནི་ཐའེ་ཝན་གྱི་གྲོང་ཁྱེར་ཆེ་ཁག་ཐའེ་པེ་དང་། ཐའེ་ཀྲུང་། ཀའོ་ཞུང་བཅས་ལྷོ་བྱང་དབུས་གསུམ་ནང་ཕྱི་ཟླ་ ༡༠ ཚེས་ ༢༩ ནས་ཕྱི་ཟླ་ ༡༡ ཚེས་ ༡༡ བར་གོ་སྒྲིག་གནང་ཡོད་པ་རེད།
བོད་དང་། སོག་པོ། འབྲུག་ཡུལ་བཅས་ཀྱི་གློག་བརྙན་གྲངས་བཅུ་འདེམས་སྒྲུག་བྱས་ཡོད་ཁོངས། བོད་དང་འབྲེལ་བའི་གློག་བརྙན་ནི་ཉི་ཧོང་ནས་ཐོན་པ་ (The Dalai Lama, The 14th The World Champion of Peace) དང་། ཕ་རན་སི་ནས་ཐོན་པ་ (Kalachara: The Enlightenmet) ཨིན་ཡུལ་ནས་ཐོན་པ་ (Barley Field on the Other Side of the Mountain) ཨི་ཊ་ལི་ནས་ཐོན་པ་ (Little Buddha) སོགས་ཡིན་པ་རེད།
གཞན་ཡང་གདན་ཞུ་གནང་དོན་བཞིན་དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་དང་། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས། དེ་བཞིན་རིག་གཞུང་གི་ལས་དོན་དང་འབྲེལ་བའི་ཐའེ་སྡོད་བོད་མི་ཁག་གཅིག་ཀྱང་མཛད་སྒོར་མཉམ་ཞུགས་གནང་ཡོད།
མཛད་སྒོར་ཐའེ་ཝན་གྱི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་དང་། རིག་གཞུང་དང་འབྲེལ་བའི་ཆེད་ལས་མཁས་དབང་མང་དག་གདན་འདྲེན་ཞུས་ཡོད་སྟབས། སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གོ་སྒྲིག་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་། འབྱུང་འགྱུར་ཡར་རྒྱས་དང་མཉམ་ལས་བྱ་ཕྱོགས་སྐོར་གྱི་བསམ་ཚུལ་བརྗེ་ལེན་ཡང་གནང་ཡོད། །