༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་པ་དང་། ཆོས་ཞུ་བའི་དྲི་བ་ཁག་གཅིག་ལ་བཀའ་ལན། དེ་བཞིན་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཅས་བཀའ་དྲིན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ མ་ཟིན་ཙམ་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་མཇུག་སྐྱོང་གི་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་རྒྱ་ཡི་ཆོས་གྲོགས་ཚོར་རྟེན་འབྲེལ་བསྟོད་པའི་བཤད་ལུང་གི་འཕྲོ་འདོན་རྒྱུ་ཡིན། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། ། མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་བ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་གསུངས་ཡོད།སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས་པའི་ནང་གི་གཙོ་བོ་ནི་ཤེར་ཕྱིན་གྱི་མདོ་རེད། སྟོང་པ་ཉིད་ཀྱི་དོན་དག་དེ་རེད། དེའི་རྒྱུ་མཚན་ནི། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་བ། །ཞེས་རྣམ་ཐར་སྒོ་གསུམ་གྱི་དོན་མ་ཤེས་པར་རྨོངས་བས་ཆགས་སྡང་གི་ལས་བསགས་ནས་འགྲོ་བཞིན་ཡོད་པ་རེད་ཅེས་གསུངས་པ་རེད། བཅོམ་ལྡན་འདས་ཀྱིས་དང་པོ་ནས་སྟོང་པ་ཉིད་བཤད་པ་ཡིན་ན། རིགས་འགའ་ཤས་ཀྱི་བསམ་བློའི་ནང་དུ་ཚོད་ལྟ་བྱེད་ཀྱི་འདུག་བསམ་པ་ཡོང་གི་ཡོད་འདུག སྔོན་ལ་བདེན་བཞིའི་ཆོས་འཁོར་གསུངས་ཏེ། བདེན་བཞིའི་ངོ་བོ་ལ་བཟླས་པ། བྱ་བ་ལ་བཟླས་པ། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་གསུངས་པ་དང་། དེ་ནས་བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཟེར་སྐབས། སྡུག་བསྔལ་ཤེས་པར་བྱ་སྟེ་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ་སྟེ་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ་སྟེ་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ་སྟེ་བསྒོམ་པར་བྱར་མེད་ཅེས་དྲི་བ་ཞིག་སླེབས་ཡོང་གི་འདུག ག་རེ་ཡིན་ན་བསམ་པ་ཞིག་ཡོང་གི་ཡོད།འཁོར་ལོ་བར་བའི་སྐབས་སུ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་པ་རེད་ཅེས་པའི་སྟེང་དུ་སླེབས་ཡོང་གི་འདུག ཤེར་ཕྱིན་གྱི་མདོ་བསྡུས་པ་ཞིག་ནི། ཤེར་ཕྱིན་ཉེར་ལྔ་བ་ཞེས་ང་ཚོས་ནམ་རྒྱུན་འདོན་པའི་ཤེས་རབ་སྙིང་པོ་དེ་རེད། དེ་ནི་ང་ཚོ་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་ཚང་མས་འདོན་བཞིན་ཡོད། ཤེས་རབ་སྙིང་པོའི་གཤམ་དུ། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སྟོང་ཉིད་བཞི་སྐོར་གསུངས་ཀྱི་ཡོད། དེ་ནི་ཧ་ཅང་སྡོམ་ཆེན་པོ་ཞིག་རེད། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་ཞིག་ཡིན་ཀྱང་། ང་ཚོའི་བློ་ངོར་དོན་གྱི་ངོས་ནས་ཡོད་པ་ཞིག་སྣང་ཡོང་གི་ཡོད། དེ་ལ་ཆགས་སྡང་སྐྱེས་པ་དང་། ཆགས་སྡང་གི་ལས་བསགས་པ་ཡོང་གི་ཡོད་པས་ཇི་ལྟར་སྣང་བ་ནང་བཞིན་གྲུབ་ཡོད་པ་མ་རེད་ཅེས་པ་ཤེར་ཕྱིན་གྱི་གཞུང་གི་བརྗོད་བྱ་གཙོ་བོ་རེད།མིག་ཤེས་ཀྱི་གཟུང་བྱ་དབྱིབས་དང་ཁ་དོག་སོགས་ལ་བཏགས་དོན་བཙལ་ན་རྙེད་རྒྱུ་མེད། འོ་ན་གང་ཡང་མེད་པ་རེད་དམ་ཞེ་ན་མ་རེད། མཛུབ་མོ་འཛུགས་སའི་གཟུགས་རང་ངོས་ནས་གྲུབ་པ་མེད་ཀྱང་། རྐྱེན་ཚོགས་པའི་སྟེང་ནས་མེད་པ་མ་རེད་ཡོད་པ་རེད། གཟུགས་ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་པ་ཡིན་པས་རྐྱེན་གཞན་ལ་ལྟོས་པ་དང་། རྐྱེན་གཞན་ལ་རག་ལས་པ་རེད། རྐྱེན་གཞན་ལ་རག་ལས་པའི་སྒོ་ནས་གྲུབ་པ་ཡིན་པས་རྟེན་ནས་བཏགས་པ་ཞེས་པ་ཡོང་གི་ཡོད། རྟེན་འབྱུང་བ་ཟེར་བ་ཞིག་ཡོད་ཀྱང་གོ་བ་ཟབ་མོར་ཕྱིན་པ་ཡིན་ན་རྟེན་ནས་བཏགས་པའི་རྟེན་འབྱུང་ཟེར་བ་དེ་རེད། རྟེན་ནས་འབྱུང་བའི་རྟེན་འབྱུང་། རྟེན་ནས་བཏགས་པའི་རྟེན་འབྱུང་། རྟེན་ནས་བཏགས་པ་ཞེས་ཆོས་རྣམས་མིང་བརྡས་གཞག་ཙམ་གྱི་སྒང་ལ་གསུང་བཞིན་ཡོད།
སྟོང་པ་ཉིད་གཟུགས་སོ་ཞེས་དོན་གྱི་ངོས་ནས་གྲུབ་མེད་པར་རྐྱེན་གཞན་ལ་ལྟོས་ནས་གྲུབ་ཡོད་པས་རྐྱེན་སྣ་ཚོགས་ཀྱི་དབང་གིས་འགྱུར་བ་སྣ་ཚོགས་ཡོང་བཞིན་ཡོད། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་པ་རྟེན་ནས་བཏགས་པའི་རྟེན་འབྱུང་ཞེས་པའི་ཚིག་འདི་ཧ་ཅང་ནུས་པ་ཆེན་པོ་རེད། དབུ་མ་འཇུག་པར། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུ་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མའི་གཏན་ཚིགས། ངོ་བོ་ལ་དཔྱོད་པ་གཅིག་ཏུ་བྲལ་གྱི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་བཅས་ཀྱིས་རྒྱུ་འབྲས་ངོ་བོ་གསུམ་ལ་དཔྱད་ཡོང་སྐབས་རྙེད་རྒྱུ་མེད་པ་ཞིག་དང་། རྙེད་རྒྱུ་མེད་པ་ཞིག་གི་ཐོག་ནས་གཞག་དགོས་བྱུང་ན་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ་སླེབས་ཀྱི་ཡོད།
ཐ་སྙད་བདེན་པ་མིང་རྐྱང་བཏགས་ཡོད་ཙམ་ཟེར་བ་ཐ་སྙད་ཀྱི་ཆོས་དེ་དག་ནི། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་ཐ་སྙད་པའི་ཆོས་རྣམས་མ་བརྟག་མ་དཔྱད་པའི་ངང་ནས་ཕན་གནོད་ཅིག་འདྲེས་ཡོད་པ་དེ་ཙམ་དུ་འཇོག་རྒྱུ་མ་གཏོགས་དོན་དམ་ནས་ཡོད་པ་ཞིག་གི་སྐད་ཆ་མེད། ནམ་རྒྱུན་ཚད་མའི་གཞུང་སྦྱངས་ཡོད་པ་རྣམས་ཀྱིས་རྟོག་པ་ཞེན་ཡུལ་ལ་མ་འཁྲུལ་བ་དང་། སྣང་ཡུལ་ལ་མ་འཁྲུལ་བ་ཞེས་པ་དེའི་ཐོག་ནས་བཤད་ཡོང་གི་ཡོད།
ཆོས་གང་དང་གང་ཡིན་ནའང་ཚད་མའི་གྲུབ་པ་དང་། ཚད་མའི་དམིགས་པ་ཡོད་པའི་མཚན་ཉིད། ཡོད་པ་ཡིན་ཕྱིན་ཆད་ལ་ཚད་མས་གྲུབ་དགོས་པ་དང་། ཚད་མ་འཇུག་ས་ནི་དོན་དམ་ནས་ཡོད་དགོས་པ་ཞིག་བཤད་ཡོང་གི་ཡོད། དབུ་མ་འཇུག་པའི་ཐ་སྙད་དུའང་རང་མཚན་མི་བཞེད་པ་དེ་ཡིས། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ། །གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་གསུངས་ཡོད། འོ་ན་ཡོད་པ་མ་རེད་དམ་ཞེ་ན་མ་རེད། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པ་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང༌། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་གསུངས་ཡོད། དབུ་མ་འཇུག་པའི་ཚིག་འདི་དག་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་ཉིན་རྒྱུན་འདི་སྐྱོར་བཞིན་ཡོད། ཉིན་རྒྱུན་སྔོན་ལ་བྱང་ཆུབ་ཀྱི་སེམས་དང་དེ་ནས་དབུ་མ་འཇུག་པའི་གཞུང་ཚིག་འདི་རྣམས་ལ་བསམ་བློ་གཏོང་གི་ཡོད། དེ་ནས་བྱང་ཆུབ་ཟེར་བ་ཡོང་བའི་གནད་འགག་ནི་སྟོང་ཉིད་ཀྱི་ལྟ་བར་སླེབས་ཡོང་གི་ཡོད།
གཅིག་བྱས་ན་ངོས་རང་སྤོབས་པ་ཚ་དྲགས་པ་མིན་ནམ། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་ནས། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཞེས་འགོག་བདེན་རྗེས་མཐུན་པ་ཞིག་གི་སྟེང་འགྲོ་གི་མེད་དམ་བསམ་ནས་རེ་བ་རྒྱག་བཞིན་ཡོད། འགོག་བདེན་མཚན་ཉིད་པ་ནི་འཕགས་ལམ་ཐོབ་ན་མ་གཏོགས་ཡོང་གི་མ་རེད། ངོས་རང་ཚོགས་ལམ་ནས་ཡར་ཕྱིན་ནས་སྦྱོར་ལམ་ལ་སླེབས་པའི་རེ་བ་རྒྱག་བཞིན་ཡོད། གང་ལྟར་སངས་རྒྱས་པའི་ཆོས་འདི་སངས་རྒྱས་ཀྱིས་གསུངས་པ་རེད། སྐྱབས་སུ་མཆི་ཟེར་ནས་སྡོད་པ་གཅིག་པུ་མ་ཡིན་པར་བསམ་བློ་བཏང་ཡོང་སྐབས་རིགས་པའི་སྒྲུབ་བྱེད་ཡོད་པ་དང་། རིགས་པའི་སྒྲུབ་བྱེད་དང་མཐུན་པའི་དོན་དེ་བློ་ལ་འཆར་ཡོང་སྐབས་སེམས་ཞི་བདེ་ཆགས་པར་ཁ་ཡོད་ལག་ཡོད་ཀྱིས་ཕན་གྱི་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་འཕྲོ་སྐྱོང་གིས་མཇུག་ལེགས་པར་གྲུབ་མཚམས་ཆོས་ཞུ་བའི་དྲི་བར་བཀའ་ལན་སྩལ་བ་དང་། མཐར་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཏེ་ཐེེངས་འདིའི་ཐའེ་ཝན་ཆོས་ཞུ་བ་རྣམས་ལ་གསུང་ཆོས་གནང་སྒོ་ལེགས་པར་གྲུབ་ཡོད་པ་བཅས། །