༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢ ནས་ ༣ བར་ཉིན་གྲངས་གཉིས་རིང་ཇར་མ་ནིའི་གྲོང་ཁྱེར་ཕེ་རེངྐ་ཕོཌ་ (Frankfurt) ནང་ཇར་མན་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་བསྐོང་ཚོགས་གནང་སྟེ་རྒྱུན་ལས་གསར་འདེམས་གནང་ཡོད།
དེ་ཡང་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་བསོད་ནམས་ཐར་ཕྱིན་ལགས་རྣམ་གཉིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཐོག་ཇར་མན་ནིའི་རྒྱལ་ས་སྦར་ལིན་ (Berlin) དང་། ཕེ་རེངྐ་ཕོཌ། ( Frankfur) ནོར་ཐི་ར་ཡིན་ཝེ་སི་ཊི་ཧྥེ་ལི་ཡ། (North Rhine-Westphalia) ཧམ་བྷག (Hamburg) སྟྲ་གྷཌ་ (Stuttgart) བཅས་ཇར་མན་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལྔའི་ཚོགས་མི་མཉམ་ཞུགས་གནང་ཡོད།
སྐབས་དེར་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ལྔའི་ཚོགས་མི་རྣམས་ཀྱིས་གནད་དོན་འདྲ་མིན་ཐོག་གོ་བསྡུར་གནང་ཡོད་པ་མ་ཟད། ཇར་མན་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་གསར་འདེམས་གནང་བའི་ཁྲོད་ནས་བསྟན་འཛིན་ཡེ་ཤེས་ལགས་ཚོགས་གཙོ་དང་། ཐུབ་བསྟན་ཚེ་རིང་ལགས་ཚོགས་གཞོན། བསྟན་འཛིན་ཕུར་པ་བཀྲ་ཤིས་ལགས་དངུལ་གཉེར། བློ་བཟང་ལགས་རིག་གཞུང་འགན་འཛིན་དང་རྩིས་པར་བདམས་ཐོན་བྱུང་ཡོད།
སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་རྒྱུན་ལས་གསར་འདེམས་བྱུང་བ་རྣམས་ལ་འཚམས་འདྲི་དང་འབྲེལ་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་སུད་སིའི་སྐུ་ཚབ་དོན་ཁང་དང་ལྷན་ལས་འཆར་འདྲ་མིན་སྤེལ་དང་སྤེལ་བཞིན་པར་ཐུགས་རྗེ་ཆེ་ཞེས་དང་། ཇར་མན་གྱིས་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་མིའི་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་མི་རྣམས་ནས་དམིགས་བསལ་གྱིས་འགན་འཁུར་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།
ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་སྤྱིར་ཇར་མན་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་དེ་བཞིན་སྔ་ལོར་ཚོགས་མ་ཐུབ་པར་ཐེངས་མང་ཕར་འགྱངས་གནང་དགོས་བྱུང་ཡོད་པ་བཅས། །