༄༅། །རྒྱ་ནག་གཞུང་གིས་བོད་མདོ་སྨད་མཛོད་དགེ་སོག་ཚང་དགོན་གྱི་གྲྭ་དགེ་འདུན་གྲགས་པ་ལགས་མི་ལོ་ལྔའི་བཙོན་འཇུག་གི་དུས་ཚང་ནས་གློད་གྲོལ་བཏང་ཡོད་ནའང་། ད་ལྟ་ཁོང་གི་གཟུགས་གཞིའི་གནས་བབ་ཞན་པའི་རྐྱེན་གྱིས་ཁྲིན་འདུ་གྲོང་ཁྱེར་གྱི་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གཞུང་གིས་འཛིན་བཟུང་གིས་འདས་པའི་མི་ལོ་ལྔའི་རིང་བཙོན་འཇུག་བྱས་པའི་མདོ་སྨད་མཛོད་དགེ་ཐང་སྐོར་སོག་ཚང་དགོན་གྱི་གྲྭ་དགེ་འདུན་གྲགས་པ་ལགས་བཙོན་འཇུག་དུས་ཡུན་ཚང་ནས། འདི་ལོའི་ཕྱི་ཟླ་ ༨ ནང་གློད་བཀྲོལ་བཏང་ཡོད་ནའང་། ཁོང་ལ་དེ་སྔ་མཁྲིས་པའི་ནད་གཞི་ཡོད་པའི་ཐོག་བཙོན་ཁང་ནང་ཡུན་རིང་མནར་གཅོད་བཏང་བ་སོགས་ཀྱིས་རྐྱེན་པས་གཟུགས་གཞི་བདེ་པོ་མེད་པར་བརྟེན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད།
ཁོང་གློད་བཀྲོལ་བཏང་རྗེས་རང་ཁྱིམ་དུ་འབྱོར་ཡོད་ནའང་། ཁོང་གི་འགྲོ་འདུག་ལ་ས་གནས་རྒྱ་ནག་གཞུང་འབྲེལ་སྡེ་ཚན་གྱིས་ལྟ་རྟོག་ནན་པོ་བྱེད་བཞིན་ཡོད་འདུག་པ་མ་ཟད། ནང་མི་སྤུན་མཆེད་སུ་ཡིན་ནའང་ཁོང་གི་གནས་སྟངས་དང་གནས་ཚུལ་གླེང་སློང་བྱེད་ཐབས་མེད་པ་ཆགས་ཡོད། ཁོང་གློད་བཀྲོལ་བཏང་ནས་ཟླ་བ་གཉིས་ཙམ་འགྲོ་བཞིན་ཡོད་ནའང་། ཟླ་རེ་བཞིན་ས་གནས་ཉེན་རྟོག་ཁང་དུ་ཐོ་འགོད་ཆེད་ངེས་པར་དུ་འགྲོ་དགོས་ཀྱི་ཡོད་འདུག
གྲྭ་དགེ་འདུན་གྲགས་པ་ལགས་དང་བློ་བཟང་ཤེས་རབ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༤ ཉིན་གྱི་མཚན་མོར་མཛོད་དགེ་སོང་ཚང་དགོན་གྲྭ་ཤག་ནས་རྒྱ་ནག་དྲག་ཆས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད། འཛིན་བཟུང་བྱེད་དོན་གཙོ་བོ་ནི། ཕྱི་ལོ་ ༢༠༡༠ ལོར་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་དུ་རྒྱ་ནག་གཞུང་གིས་མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་བ་ཞེས་པའི་འཛུགས་སྐྲུན་སྲིད་བྱུས་ལ་ཁ་གཡར་ནས། མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་སྐ་བར་མ་སྡེ་བའི་རྩྭ་ས་བཙན་འཕྲོག་གི་གནས་ཚུལ་ཕྱི་ལ་སྤྲད་པའི་རྐྱེན་གྱིས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༧ ཡས་མས་ཤིག་ལ་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཟེར་བའི་རྒྱལ་རོང་ཁྲོ་ཆུ་རྫོང་གི་ཁྲིམས་ཁང་ཞིག་ཏུ་ཁྲིམས་ར་ཚོགས་ནས། དགེ་འདུན་གྲགས་པ་ལགས་དང་བློ་བཟང་ཤེས་རབ་ལགས་ལ་རྒྱལ་ཁབ་ཁ་བྲལ་དང་བོད་ཕྱི་ཕྱོགས་སུ་འབྲེལ་གཏུག་བྱས་ལུགས་ཀྱི་ནག་ཉེས་བཙུགས་ནས། གྲྭ་དགེ་འདུན་གྲགས་པར་ལོ་ ༥ དང་བློ་བཟང་ཤེས་རབ་ལགས་ལ་ལོ་ ༤ རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད། སྐབས་དེར་དགེ་འདུན་པ་ཁོང་གཉིས་ཀྱི་ཁྲིམས་རྩོད་པར་ཉེས་འཛུགས་དག་འབུད་བྱེད་དབང་དང་། ཞུ་སྦྱོར་བའི་ངོས་ནས་དག་སེལ་གྱི་སྐད་ཆ་བཤད་པའི་ཐོབ་ཐང་སྤྲད་མེད་ལ། ཁྲིམས་རའི་ནང་ཟུར་ཉན་དུ་འགྲོ་མཁན་ཚོར་དམ་དྲག་ནན་མོ་བྱས་ཏེ། ཕ་མ་སྤུན་མཆེད་ཚོར་ཐུག་འཕྲད་ཀྱང་བྱེད་བཅུག་མེད་པ་རེད།
གྲྭ་དགེ་འདུན་གྲགས་པ་ལགས་ད་ལྟ་རང་ལོ་ ༤༥ ཡས་མས་ཡིན་པ་དང་། མཛོད་དགེ་རྫོང་ཐང་སྐོར་སོག་ཚང་ཕྱོགས་ཀྱི་སོག་ཚང་དགོན་རྒྱུད་པ་གྲྭ་ཚང་གསང་འདུས་ཁམས་ཚན་ནས་ཡིན་པ་རེད། ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་བློ་བཟང་ཤེས་རབ་ལགས་ཀྱི་སྐོར་ད་བར་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་བཅས། །