༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༢ ཉིན་རྒྱ་གར་བྱང་ཕྱོགས་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཕྱི་ལོ་ ༢༠༢༡ ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༦ པའི་མཐའ་མའི་འགྲན་བསྡུར་དེ་སིམ་ལ་རུ་ཁག་དང་སྦིར་རུ་ཁག་གཉིས་དབར་རྩེད་འགྲན་གྱིས་མཇུག་སྒྲིལ་གནང་ཡོད།
དེ་ཡང་མཇུག་བསྡོམས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དེཧ་རཱ་དཱུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་དང་། དམིགས་བསལ་སྐུ་མགྲོན་ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་མིག་དམར་རྡོ་རྗེ་ལགས། དོན་གྲུབ་གླིང་གི་དྲུང་ཆེ་བླ་མ་ཕུན་ཚོགས་རྣམ་རྒྱལ་ལགས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་བསྟན་འཛིན་རིན་ཆེན་ལགས། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྩེད་འགྲན་པ་རྣམ་པ། གཟིགས་མོ་བ་སོགས་འདུ་འཛོམས་ཀྱིས་ཐོག་མར་བོད་བསྟན་སྲིད་མི་རིགས་ཀྱི་བདེ་དོན་ཆེད་རང་སྲོག་ཚུན་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་གཙོ་བོར་གྱུར་བའི་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དེཧ་རཱ་དཱུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ཀྱིས། ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་ཐེངས་འདིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གོ་སྒྲིག་སླད་སྔར་དང་མི་འདྲ་བའི་གདོང་ལེན་མང་དག་ཅིག་གནང་དགོས་བྱུང་ཡོད་སྐོར་དང་། རྩེད་རིགས་ནི་འཕྲོད་བསྟེན་གྱི་ཐོག་ནས་ལུས་སེམས་གཉིས་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཙམ་དུ་མ་ཟད། འཁུར་མཉམ་ལེན་དང་ཕན་ཚུན་འགྲེལ་ལམ་བཟང་དུ་འགྲོ་ཡི་ཡོད་པ། རང་ཉིད་ལ་གདེང་སྤོབས་སླེབ་པ་སོགས་ཀྱི་ཁེ་ཕན་མང་དག་ཅིག་ཡོད་པ། དེ་བཞིན་རྩེད་འགྲན་སྐབས་རྒྱལ་ཕམ་ཙམ་མིན་པར་དེ་བརྒྱུད་རང་ཉིད་སྒེར་གྱི་མི་ཚེའི་ནང་འཕྲོད་བསྟེན་ལ་དོ་སྣང་དང་། མཉམ་རུབ་ཀྱི་འགན་ཁུར་དང་འབྲེལ་བ་ཆགས་ཡོད་པ་སོགས་ཀྱི་གསུང་བཤད་གནང་རྗེས་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༦ པའི་མཐའ་མའི་རྩེད་འགྲན་སིམ་ལ་རུ་ཁག་དང་སྦིར་རུ་ཁག་གཉིས་དབར་རྩེད་འགྲན་འགོ་བརྩམས་པ་དང་ཆབས་ཅིག་སིམ་ལ་རུ་ཁག་གིས་སྤོ་ལོ་ ༣ དང་། སྦིར་རུ་ཁག་གིས་སྤོ་ལོ་ ༢ བླུགས་ཏེ་ཐེངས་འདིའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་དེ་བཞིན་རྒྱ་གར་བྱང་ཕྱོགས་སིམ་ལ་རུ་ཁག་གིས་རྒྱལ་ཁ་བླངས་ཡོད།
སྤྱིར་འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༢༦ དེ་བཞིན་རྒྱ་གར་བྱང་ཕྱོགས་དོན་གྲུ