༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༦ རེས་གཟའ་ཟླ་བ་ཉིན་ཨོསྟྲེ་ལི་ཡཱའི་རྒྱལ་ས་ཁན་བྷེ་རར་ (Canberra) རྟེན་གཞི་བྱས་པའི་ས་སྐྱ་བློ་གསལ་ཆོས་རྫོང་གི་གོ་སྒྲིག་འོག་དྲ་ལམ་བརྒྱུད་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༦ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་དྲ་ལམ་བརྒྱུད་འཁྲུངས་སྐར་མཛད་སྒོར་མཉམ་ཞུགས་གནང་ཡོད།དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༦ ལ་ཕེབས་པའི་འཁྲུངས་སྐར་གྱི་མཛད་སྒོར་ཕྱི་ལོ་ ༢༠༡༧ ལོར་བོད་ཀྱི་ངག་རྒྱུན་ལོ་རྒྱུས་ལས་གཞི་ (Tibet Oral History Project ) ཞེས་པས་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་རྒྱ་ནག་གིས་བོད་ལ་དབང་སྒྱུར་མ་བྱེད་གོང་དང་། དབང་སྒྱུར་བྱས་ཟིན་པའི་རྗེས་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་རྣམ་སྐོར་ལ་བཅར་འདྲི་ཞུས་པའི་བརྙན་འཕྲིན་གཟིགས་འབུལ་ཞུས་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་བལ་ཡུལ་རྒྱལ་སྤྱིའི་ནང་པའི་སློབ་གཉེར་ཁང་ (International Buddhist Academy) གི་ངེས་སྟོན་པ་མཁན་པོ་ངག་དབང་འབྱོར་ལྡན་ལགས་ཀྱིས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་མཆོག་གི་མཛད་རྗེས་སྐོར་གསུང་བཤད་གནང་།དེ་རྗེས་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས་གསུང་དོན། དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་སྒྲུབ་མཁན་ཞིག་ཡིན་པ་ཙམ་མ་ཟད། བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སྤྱི་དང་། ལྷག་པར་བོད་མིའི་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཡོང་སླད་འབད་བརྩོན་ཤུགས་ཆེ་གནང་མཁན་གྱི་དཔེ་མཚོན་ཞིག་ཀྱང་ཡིན། དུས་ཚོད་གཉན་ཕྲང་ཅན་གྱི་སྐབས་འདིར་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སླར་གསོའི་སླད་ཕྱག་ལས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།མཛད་སྒོར་མཉམ་ཞུགས་གནང་མཁན་རྣམས་ཀྱིས་དེ་སྔ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ཨོ་གླིང་དུ་ཕེབས་པའི་སྐབས་མཇལ་འཕྲད་ཞུས་པའི་མྱོང་ཚོར་སྐོར་གསུངས། མཉམ་ཞུགས་པ་གཞན་ཁག་གཅིག་གིས་ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་སླར་ཡང་ཨོ་གླིང་དུ་ཕེབས་གནང་ཡོང་བའི་རེ་འདུན་ཞུས་ཡོད།
མཐར་ཁན་བྷེ་རའི་ས་སྐྱ་བློ་གསལ་ཆོས་རྫོང་གི་བླ་མ་ཆོས་གྲགས་རིན་པོ་ཆེ་མཆོག་གིས་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་མཆོག་གི་ཞབས་བརྟན་གསུང་འདོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །