༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༤ ཉིན་ཨིན་ཡུལ་རྒྱལ་ས་ལོན་ཌོན་གྱི་སི་ཊིར་ཊི་ཧྥོར་ཌི་གྲོང་སྡེ་ཚོགས་ཁང་དུ་ (Old Town Hall Stratford) ཨིན་ཡུལ་བོད་རིགས་ཚོགས་པ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཨིན་ཡུལ་བོད་རིགས་ཚོགས་པ་ནི་ཕྱི་ལོ་ ༡༩༧༡ ལོར་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ཚུད་པའི་ཨིན་ཡུལ་ནང་གནས་སྡོད་བོད་མི་ཁག་གཅིག་གིས་གསར་འཛུགས་གནང་ཡོད།
དེ་ཡང་ཨིན་ཡུལ་བོད་རིགས་ཚོགས་པ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་། བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས། བོད་དོན་རྒྱབ་སྐྱོར་བ་ཇོན་བྷི་ལིན་ཊོན་ (John Billington) ལགས། ཛ་ར་ཧྥི་ལེམ་མིན་ (Zara Flemming) ལགས། དེ་བཞིན་བོད་རང་དབང་ལས་འགུལ་ཚོགས་པ་དང་། ཨིན་ཡུལ་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཀྱི་ལས་བྱེད་སོགས་ཕེབས་ཡོད།ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༡༩༧༡ ལོར་ཨིན་ཡུལ་བོད་རིགས་ཚོགས་པ་ཇི་ལྟར་གསར་འཛུགས་གནང་བའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་། བོད་མི་གཞོན་སྐྱེས་རྣམས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་བོད་རྒྱའི་གནད་དོན་གསལ་སླད་འགན་འཁུར་མང་ཙམ་བཞེས་དགོས་པ་སོགས་ཀྱི་སྐོར་གསུངས། ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་པདྨ་ལགས་ཀྱིས་བོད་ཡིག་དགེ་རྒན་དང་། ཟློས་གར་དགེ་རྒན། ཆབ་སྲིད་ལས་འགུལ་བ་སོགས་ནས་ཨིན་ཡུལ་བོད་མི་ཚོར་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གཞོན་སྐྱེས་རྣམས་ལ་བོད་དོན་དང་འབྲེལ་བའི་ཉམས་མྱོང་སྤེལ་རེས་ཀྱི་གོ་སྐབས་བསྐྲུན་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།ཨིན་ཡུལ་བོད་རིགས་ཚོགས་པ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་མཛད་སྒོ་དབུ་འཛུགས་མ་གནང་གོང་ཨིན་ཡུལ་བོད་རིགས་ཚོགས་པའི་གཞོན་སྐྱེས་འབྲེལ་མཐུད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་ཆུ་ཚོད་བཞི་ཙམ་རིང་ཨིན་ཡུལ་གྱི་བོད་མི་གཞོན་སྐྱེས་གྲངས་ ༢༠ ཙམ་ལ་གཞོན་སྐྱེས་འགོ་འཁྲིད་སྦྱོང་བརྡར་གོ་སྒྲིག་གནང་ཡོད།
དུས་དྲན་སྲུང་བརྩིའི་མཛད་སྒོར་བོད་དོན་རྒྱབ་སྐྱོར་བ་ཇོན་བྷི་ལིན་ཊོན་ལགས་ཀྱིས་འདས་པའི་ལོ་ངོ་བཅུ་ཕྲག་ལྔའི་རིང་ཨིན་ཡུལ་བོད་རིགས་ཚོགས་པ་དང་འབྲེལ་འདྲིས་བྱུང་བའི་དྲན་གསོ་དང་། དེ་བཞིན་ཁོང་རང་ཉིད་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་པའི་མཐོང་ཐོས་མྱོང་གསུམ་སོགས་ཀྱི་སྐོར་གསུངས། ཨིན་ཡུལ་བོད་རིགས་ཚོགས་པ་བཙུགས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་བོད་མི་གྲངས་ ༣༠༠ ཙམ་དང་། བོད་ཀྱི་གྲོགས་པོ་སོགས་ཕེབས་ཡོད་པ་བཅས།།