༄༅། །བོད་དོན་རྒྱབ་སྐྱོར་བ་དང་། བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་རྩོམ་པ་པོ། རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཚོགས་པ་ཀིརི་དཱ་ (Kreddha) ཞེས་པའི་འཛིན་སྐྱོང་ཚོགས་གཙོ་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) མཆོག་ཡུ་རོབ་ཀྱི་རྒྱབ་ཁབ་ནི་དར་ལེནྜའི་གྲོང་ཁྱེར་ཧེ་གྷི་ (Hague) དང་། བེལ་ཇི་ཡམ་གྱི་རྒྱལ་ས་སྦར་སིལ། (Brussels) ཕ་རན་སིའི་རྒྱལ་ས་པེ་རི་སི་ ( Paris) བཅས་སུ་གཟིགས་སྐོར་ཕེབས་ཡོད།
དེ་ཡང་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༧ ཉིན་གྱི་སྔ་དྲོར་བེལ་ཇི་ཡམ་གྱི་རྒྱལ་ས་སྦར་སིལ་དུ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་དང་མཇལ་འཕྲད་གནང་ཡོད། སྐབས་དེར་ཁོང་གིས་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་དབང་བསྒྱུར་བྱས་པའི་སྐོར་ཁྲིམས་དང་ལོ་རྒྱུས་ཀྱི་ལྟ་ཚུལ་ཐོག་ནས་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྒྱལ་ཁབ་རྣམས་ཀྱི་གཞུང་འབྲེལ་སྐུ་ཚབ་རྣམས་ལ་རྒྱ་ནག་གིས་བོད་ཀྱི་གནད་དོན་སྐོར་འཛམ་གླིང་མི་མང་ལ་འཁྱོག་བཤད་བྱས་ཏེ་ལམ་ལོག་ཏུ་འཁྲིད་བཞིན་ཡོད་པ་དེ་ཡོ་བསྲང་གནང་དགོས་པའི་དགོངས་ཚུལ་གསུངས་ཡོད།ཉིན་རྒྱབ་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་ཁང་དུ་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་རྣམ་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་དང་། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་དང་མཇལ་འཕྲད་གནང་སྟེ་ཁོང་གིས་ཉེ་ཆར་བརྩམས་པའི་བོད་ཀྱི་གནས་ཚུལ་གནད་བསྡུས་ (The Tibet Brief 20/20) ཞེས་པའི་སྐོར་ངོ་སྤྲོད་གསུང་བཤད་གནང་ཡོད།
སྐབས་དེར་ཁོང་གིས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་རྒྱ་བོད་གཉིས་ཀྱི་རྩོད་རྙོག་ལས་བྱུང་བ་ཡིན་སྟབས། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ངེས་པར་རྒྱ་བོད་གཉིས་ཀྱི་རྩོད་རྙོག་གི་འབྱུང་རྩ་སེལ་ཐ བས་གནང་དགོས་པ་མ་ཟད། བོད་མིའི་མངོན་འདོད་རང་དབང་ཐོབ་ཐབས་སུ་རྒྱབ་སྐྱོར་གནང་དགོས། ཞེས་གསུངས།
གཞན་ཡང་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་གྲངས་ཉུང་མི་རིགས་ཞེས་ཐ་སྙད་བེད་སྤྱོད་བྱེད་བཞིན་པའི་ཐད་གཟབ་གཟབ་གནང་དགོས་པ་དང་། བོད་མི་རྣམས་མི་རིགས་ཡིན་པ་ལས་གྲངས་ཉུང་མི་རིགས་མ་རེད། ཅེས་གསུངས། འབྱུང་འགྱུར་ཉིན་ཤས་རིང་ཁོང་གིས་མུ་མཐུད་ཡུ་རོབ་སྤྱི་མཐུན་ཚོགས་པའི་གཞུང་འབྲེལ་གནད་ཡོད་མི་སྣ་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་སོགས་ལ་མཇལ་འཕྲད་གནང་གཏན་འཁེལ་ཡོད་པ་བཅས།།