༄༅། །སུད་སིའི་གྲོས་ཚོགས་སུ་སྟོན་ཀའི་གྲོས་ཚོགས་འཚོགས་བཞིན་པ་དང་བསྟུན། སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་༢༠ ཉིན་སུད་སིའི་གྲོས་ཚོགས་ཁང་དུ་སུད་སིའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་བདེན་དཔང་གནང་ཡོད།
སུད་སིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་དང་། སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། སུད་སིའི་གྲོས་ཚོགས་རྒྱ་ནག་མཛའ་འབྲེལ་ཚོགས་པ། སུད་སིའི་གྲོས་ཚོགས་རྒྱལ་སྤྱིའི་གདུང་སེམས་མཉམ་སྐྱེ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་སུད་སིའི་གྲོས་ཚོགས་ཁང་དུ་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྐོར་ཉན་ཞིབ་ཀྱི་ཚོགས་འདུ་ཚོགས་ཡོད་པ་དང་། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། ལས་བྱེད་སྐལ་ལྡན་མཚོ་མོ་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ (Thomas Büchli) ལགས་བཅས་ཉན་ཞིབ་ཀྱི་ཚོགས་འདུར་མཉམ་ཞུགས་གནང་ཡོད།
དེ་ཡང་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སུད་སིའི་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་དམར་ཤོག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པ་ནས་བཟུང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མི་རབས་ལྔ་ཡིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་ཡོད་པ་མ་ཟད། བོད་མིའི་ཆོས་དད་རང་དབང་དང་། རིག་གཞུང་། སྐད་ཡིག དེ་བཞིན་བོད་མིའི་ཐོབ་ཐང་རྩོད་ལེན་པ་སོགས་ཀྱི་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་པའི་གནས་སྟངས་སྐོར་བདེན་དཔང་གནང་ཡོད།
གཞན་ཡང་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་བཅས་རྒྱ་ནག་དམར་ཤོག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཅན་ལ་སྒྱུར་བཞིན་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་ཁག་གི་སློབ་གྲྭའི་ནང་སློབ་ཚན་རྣམས་བོད་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་རྒྱུའི་ཚབ་ཏུ་རྒྱ་ཡིག་གི་ལམ་ནས་སློབ་ཁྲིད་བྱེད་བཞིན་ཡོད་སྟབས། བོད་རིགས་སློབ་མ་རྣམས་མཐོ་སློབ་ཐོན་རྗེས་བོད་ཡིག་འབྲི་ཀློག་དང་བོད་སྐད་རྒྱག་མི་ཤེས་པའི་གནས་སྟངས་སུ་འགྱུར་བཞིན་པ་སོགས་ཀྱི་སྐོར་གསུངས།
ཕྱོགས་མཚུངས་སྐལ་ལྡན་མཚོ་མོ་ལགས་ཀྱིས་སུད་སིའི་གཞུང་གིས་རྒྱ་ནག་ཚུད་པའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞིབ་འཇུག་གིས་ལོ་འཁོར་སྙན་ཐོ་ཞིག་འདོན་སྤེལ་གནང་དགོས་པ། སུད་སི་གྲོས་ཚོགས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཏན་འབེབས་གནང་དགོས་པ། དེ་བཞིན་སུད་སིའི་གཞུང་གིས་རྒྱ་ནག་དམར་ཤོག་གཞུང་གིས་སུད་སི་ནང་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས་ལ་གནོན་ཤུགས་སྤྲོད་བཞིན་པའི་ཐད་ཞིབ་འཇུག་དང་ལྟ་རྟོག་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས།།