༄༅། །སིམ་སྤྱི་བསྟན་འཛིན་སྣང་བ་ལགས་ཀྱིས་སྣེ་ཁྲིད་དེ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་རྡོ་རྗེ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་མི་བསྟན་འཛིན་རྣམ་གསལ་ལགས། སིམ་སྤྱི་ལས་ཁུངས་ཀྱི་ལས་དྲུང་ཚེ་རིང་དབྱངས་ཅན་ལགས་བཅས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༣ ཉིན་གསར་དུ་བསྐོ་གཞག་གནང་བའི་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་རཱ་ཇེནྡྲ་ཝིཤ་ཝ་ན་ཐི་ཨར་ལེ་ཀར་ (Shri. Rajendra Vishwanath Arlekar) མཆོག་དང་མཇལ་འཕྲད་ཞུས་ཡོད། མཇལ་འཕྲད་སྐབས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་གསར་པ་སྐུ་ཞབས་རཱ་ཇེནྡྲ་ཝིཤ་ཝ་ན་ཐི་ཨར་ལེ་ཀར་མཆོག་གིས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གནས་སྟངས་སྤྱི་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་ནང་གནས་སྡོད་བཙན་བྱོལ་བོད་མི་རྣམས་ཀྱི་གནས་སྟངས་སྐོར་རྒྱུས་ལོན་དང་གྲོས་བསྡུར་གནང་ཡོད།ཕྱོགས་མཚུངས་སྐུ་ཞབས་རཱ་ཇེནྡྲ་ཝིཤ་ཝ་ན་ཐི་ཨར་ལེ་ཀར་མཆོག་གིས་མ་འོངས་པར་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་དང་གཞིས་ཆགས་ཁག་ཏུ་གཟིགས་སྐོར་གནང་རྒྱུའི་ཐུགས་འདུན་ཆེན་པོ་ཡོད་པ་སོགས་ཀྱི་སྐོར་གསུངས། སིམ་སྤྱི་བསྟན་འཛིན་སྣང་བ་ལགས་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་གསར་པ་སྐུ་ཞབས་རཱ་ཇེནྡྲ་ཝིཤ་ཝ་ན་ཐི་ཨར་ལེ་ཀར་མཆོག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དཔེ་དེབ་ཅིག་ཕྱག་རྟགས་སུ་ཕུལ་ཡོད་པ་བཅས།།