༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སིངྒ་པོར་ནང་པའི་ཆོས་ཚོགས་ཀྱིས་གཙོས་ལྷོ་ཤར་ཨེ་ཤེ་ཡའི་ནང་པའི་ཆོས་ཚོགས་ཁག་བཅུ་ཡིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་རང་འགྲེལ་གྱི་གསུང་ཆོས་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན།ཨེ་ཤ་ཡའི་ཆོས་ཚོགས་ཁག་གཅིག་གི་ཆོས་གྲོགས་ཚོས་ཆོས་འབྲེལ་ཞིག་བྱུང་ན་ཞེས་རེ་འདུན་གནང་བ་བཞིན་དེ་རིང་ཉིན་གཉིས་པ་ཡིན། རྒྱ་རིགས་ཆོས་གྲོགས་ཚོས་སྨོན་ལམ་གསུངས་པ་བཞིན། ཆོས་དང་ལྷག་པར་ཤེར་ཕྱིན་གྱི་གཞུང་གི་དགོས་པ་ག་རེ་ཡིན་པ་དང་། དེ་ནི་འདོན་པ་བཏོན་ནས་སྡོད་པ་ཙམ་རེད་དམ་ཞེ་ན་མ་ཡིན་པར། དུག་གསུམ་ཉོན་མོངས་སེལ་དགོས། དུག་གསུམ་ཉོན་མོངས་ནི་མི་ཤེས་པའི་རྨོངས་པ་ཆགས་ཡོད་པས་དེ་སེལ་བ་ལ་སྨོན་ལམ་བརྒྱབ་པ་ཙམ་གྱིས་ཕན་ཐོགས་མེད། དེ་ལ་ཤེས་རབ་ཀྱི་སྣང་བ་འབར་བའི་ཐོག་ནས་མ་སྐྱེས་པ་སྐྱེས་པ་དང་། སྐྱེས་པ་གོང་ནས་གོང་དུ་འཕེལ་བའི་ཐོག་ནས་མི་ཤེས་པའི་རྨོངས་པ་སེལ་གྱི་ཡོད། དུག་གསུམ་ཉོན་མོངས་དེ་ཤེས་རབ་ཀྱི་སྣང་བ་འབར་བའི་ཐོག་ནས་སེལ་པ་དང་། དེ་ལ་ཕྱི་ནང་གི་འགལ་རྐྱེན་མ་ཡོང་བ་དང་། དེའི་རྗེས་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག་ཅེས་སྟོང་ཉིད་སྒོམ་པ་དེ་རང་འདོད་ཡིད་བྱེད་ཀྱིས་རང་ཉིད་ལ་ཞི་བདེའི་གོ་འཕང་ཐོབ་ན་བསམ་པ་ཞིག་དང་། དགྲ་བཅོམ་པའི་གོ་འཕང་ཐོབ་ན་བསམ་པ་ཙམ་མ་ཡིན་པར་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་རྣམ་མཁྱེན་རྒྱལ་བའི་གོ་འཕང་སྒྲུབ་འདོད་ཀྱི་ཐོག་ནས་ཤེས་རབ་ཀྱི་སྣང་བ་གོང་ནས་གོང་དུ་འཕེལ་ཕྱིར་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག་ཅེས་སྨོན་ལམ་འདི་ཧ་ཅང་འདུས་ཆེན་པོ་རེད། ཆོས་གྲོགས་ཚོས་སྨོན་ལམ་འདི་གསུངས་པའི་སྐབས་སུ་ངོས་ཀྱི་སེམས་ལ་འགུལ་བསྐྱོད་ཐེབས་ཀྱི་འདུགསངས་རྒྱས་པའི་ཆོས་ཀྱི་སྙིང་པོ་ནི་ཕལ་ཆེར་ཤེར་རབ་སྙིང་པོ་གཙོ་བོ་ཆགས་ཡོད། གོང་དུ་བརྗོད་པ་ལྟར་དུག་གསུམ་ཉོན་མོངས་སེལ་བྱེད་ཤེས་རབ་སྣང་བ་ནི་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཤེས་པའི་བློ་དེའི་ཐོག་བསམ་བློ་གཏོང་དགོས། སྟོང་པ་ཉིད་ནི་བདག་མེད་པ་ཞེས་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཚང་མས་གསུང་བཞིན་ཡོད། བདག་མེད་པའི་མེད་རྒྱུའི་བདག་དེ་གང་འདྲ་ཞིག་རེད། དེའི་ཐོག་ནས་བདག་མེད་ཀྱི་གོ་བ་ཕྲ་རགས་མང་པོ་ཞིག་ལེན་པ་དང་། མདོ་སྡེ་བ་དང་བྱེ་བྲག་སྨྲ་བས་བདག་མེད་པ་གསུང་གི་ཡོད། བདེན་བཞིའི་རྣམ་གཞག་གསུང་མཁན་ཚང་མས་བདག་མེད་པ་ཟེར་བའི་ལྟ་གྲུབ་དེ་གསུང་བཞིན་ཡོད། ང་ཚོས་ཐེག་ཆེན་དང་ཐེག་དམན་ཟེར་གྱི་འདུག ཚིག་དེ་ངོས་རང་ལ་བདེ་བོ་མི་འདུག མཐོ་དམན་རྩི་བཞིན་ཡོད་པ་ལྟ་བུ་ཞིག་འདུག དེ་ལས་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་བརྗོད་པ་ཡིན་ན་ཡག་ཤོས་འདུག དེར་བརྟེན་པཱ་ལིའི་ཆོས་བརྒྱུད་ནང་དུ་ཡིན་ནའང་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་ནང་ཡིན་ནའང་རེད། སྡུག་བསྔལ་ནི་སེམས་མ་བཏུལ་བའི་དབང་གིས་ལས་ངན་བསགས་པ་དང་། དེ་ལ་བརྟེན་ནས་སྡུག་བསྔལ་ཡོང་གི་ཡོད། བདེ་བ་དང་སྡུག་བསྔལ་ནི་རྒྱུ་མེད་རྐྱེན་མེད་ཀྱི་ཐོག་ནས་ཡོང་བ་མ་ཡིན་པར་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད། སྡུག་བསྔལ་གྱི་རྒྱུ་རྩ་བར་གཏུགས་ཡོང་སྐབས་པཱ་ལིའི་གཞུང་དང་ལེགས་སྦྱར་གྱི་གཞུང་ཚང་མའི་ནང་དུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞེས་གསུང་བཞིན་ཡོད། མ་རིག་པ། འདུ་བྱེད། རྣམ་ཤེས་ཞེས་སོགས་གསུངས་ཡོད།རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མར་མ་རིག་པ་ཞེས་གསུང་གི་འདུག གང་ལྟར་ང་ཚོའི་སངས་རྒྱས་པའི་གཞུང་གི་འགྲོ་སྟངས་ནི་རྒྱུ་མཚན་དང་ལྡན་པ་རིགས་པ་དང་ལྡན་པ་ཞིག་རེད། གཞན་བདེ་སྡུག་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གིས་གནང་བ་ལྟ་བུ་ཞིག་དང་། ཡང་རྒྱུ་མེད་རྐྱེན་མེད་ཀྱང་མིན་པ་ལྟ་བུ་རེད། རྒྱ་གར་གྱི་གཞུང་གི་ནང་འཚེ་བ་མེད་པ་ (Ahimsa) དང་། བྱམས་བརྩེ་་(karuna) ཞེས་བཅོམ་ལྡན་འདས་མ་བྱོན་གོང་ནས་གསུངས་ཡོད་པ་ཞིག་རེད། ཨ་ཧིམ་ས་ཞེས་འཚེ་བ་མེད་པ་དང་། འཚེ་བ་ཡོང་བ་ནི་ཁྲོ་བའི་སེམས་སོགས་ཀྱི་ཐོག་ནས་ཡོང་གི་ཡོད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཚང་མ་གཅིག་མཚུངས་རེད། འོན་ཀྱང་བདེ་བ་དང་སྡུག་བསྔལ་གྱི་རྒྱུ་ལ་རྨོངས་པ་ནི་མི་རིག་པས་བྱེད་ཡོང་གི་ཡོད། སེམས་མ་བདེ་བ་བྱེད་མཁན་གཙོ་བོ་ཉོན་མོངས་དང་ཉོན་མོངས་ཀྱི་རྩ་བ་མ་རིག་པ་རེད། དེར་བརྟེན་སངས་རྒྱས་པའི་གཞུང་གི་ནང་དུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅེས་པ་ཧ་ཅང་གལ་ཆེན་པོར་གསུང་བཞིན་ཡོད།ངོས་རང་གི་ཉམས་མྱོང་གི་ཐོག་ནས་བཤད་ན། ཇི་ཙམ་གྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཤུགས་ཆེ་རུ་ཕྱིན་པའི་ཚོད་ཀྱིས་བླང་དོར་གྱི་གནས་ཤེས་པ་དང་། བླང་དོར་གྱི་གནས་ལ་ཡིད་ཆེས་སླེབས་པ། དེ་ལ་འབད་བརྩོད་བྱེད་མི་དགོས་པར་རང་གི་འདོད་པས་དང་དུ་བླངས་ནས་བྱེད་རྒྱུ་ཞིག་ཡོང་གི་འདུག གང་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཅེས་པ་ཧ་ཅང་གལ་ཆེན་པོ་རེད། མ་རིག་པ་སེལ་བ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཐོག་ནས་སེལ་པ་མ་གཏོགས་མ་རིག་པ་མེད་པར་གྱུར་ཅིག་ཟེར་ནས་བརྗོད་པ་གཅིག་པུས་ཡོང་གི་མ་རེད། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་མ་རིག་པ་མེད་པ་བཟོ་རྒྱུ་མེད། རྨོངས་པའི་གཞན་དབང་དུ་གྱུར་པའི་སེམས་ཅན་རང་ཉིད་ཀྱིས་ཡིན་ལུགས་བརྟག་དཔྱད་ཀྱིས་མ་རིག་པ་སེལ་བ་མ་གཏོགས་གཞན་མེད།
དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཞེས་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པ་བཤད་ཀྱི་ཡོད། ཕྱི་ནང་གི་ཆོས་གང་ཡིན་ཡང་སྣང་ཚུལ་དེ་མ་རིག་པ་དང་དེའི་བག་ཆགས་ཀྱི་དབང་གིས་དོན་དམ་ནས་ཡོད་པ་ཞིག་སྣང་ཡོང་གི་ཡོད་པ་མ་གཏོགས། དོན་ངོ་མར་དོན་དམ་ནས་ཡོད་པ་ཞིག་ཁྱོན་ནས་མེད། ངོས་ཀྱིས་རྟག་ཏུ་འདི་ལ་བསམ་བློ་གཏོང་གི་ཡོད། ལོ་ངོ་བཅུ་ཕྲག་མང་པོར་བསམ་བློ་བཏང་བའི་ལག་རྗེས་སུ། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཞེས་པའི་འགོག་བདེན་རྗེས་མཐུན་པ་ཞིག་གི་སྒང་ལ་ཕལ་ཆེར་ངོས་རང་སླེབས་ཀྱི་ཡོད་པ་ལྟ་བུ་འདུག དེ་སྒོམ་ནས་བྱུང་བ་རེད། སྨོན་ལམ་བརྒྱབ་ནས་བྱུང་ཡོད་པ་མ་རེད།རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །ཞེས་ཉམ་ཐག་པའི་སེམས་ཅན་རང་དང་རང་འདྲ་བ་མ་རིག་པའི་གཞན་དབང་དུ་གྱུར་མཁན། འདོད་པ་བདེ་བ་འདོད་ཀྱང་བདེ་བས་ཕོངས། མི་འདོད་པ་སྡུག་བསྔལ་ཡིན་ཡང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་ཚོར་ལྷག་པར་དུ་བརྩེ་བའི་བློ་སྐྱེད་ནས་སྡུག་བསྔལ་སེལ་བ་དང་། སྡུག་བསྔལ་སེལ་ཐུབ་པ་དང་བདེ་བ་སྒྲུབ་ཐུབ་པ་དངོས་ཡོད་གནས་ཚུལ་དེ་ལྟར་ཡིན་པ་ལ་རྨོངས་ནས་སྡུག་བསྔལ་གྱིས་མནར་ནས་ཡོད་པ་ལ་ལྷག་པར་དུའང་སྙིང་རྗེ་སྐྱེད་པ་རེད།
བདེ་བ་སྒྲུབ་པའི་བསམ་བློ་མེད་པ་ཡིན་ན་སྡུག་བསྔལ་གྱིས་མནར་སྡོད་མཁན་ལ་གང་དྲག་ཟེར་བ་ཙམ་མ་གཏོགས་གཞན་མེད། དེ་ལྟར་སྟོང་པ་ཉིད་ཀྱི་དོན་ཤེས་པའི་ཐོག་ནས་མ་རིག་པ་སྤོང་དགོས་པ་རེད། དེ་ལ་མ་རིག་པའི་ཞེན་ཡུལ་སུན་བྱུང་ནས་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་དེ་འགག་པ་ཞིག་འགྲོ་བཞིན་ཡོད་པས་ཤེས་རབ་ཀྱི་སྣང་བ་སྐྱེས་དགོས། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །
མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི། །བདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། ཞེས་བདེན་གཉིས་ཀྱི་གཤོག་པ་ཟུང་ལྡན་གྱིས་རང་རྒྱུད་ཀྱི་སྐྱོན་རྣམས་རིམ་བཞིན་མེད་པར་བཟོས་པ་དང་། ཐབས་ཀྱི་གྲོགས་དང་བཅས་པའི་ཐོག་ནས་ཡར་རྒྱས་ཕྱིན་ཏེ་མཐར་བཅོམ་ལྡན་འདས་ནང་བཞིན་སྤངས་རྟོགས་མཐར་ཕྱིན་པའི་སྐུ་བཞིའི་བདག་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་ཞིག་རེད། དེ་ལྟར་བསམ་བློ་གཏོང་ཡོང་སྐབས། གང་ལྟར་ང་ཚོ་ཚང་མའི་རྒྱུད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད། སེམས་ཡོད་ཚད་ལ་སེམས་ཀྱི་མཐར་ཐུག་གི་རང་བཞིན་ནི་གསལ་རིག་ཙམ་ཆགས་ཡོད། སེམས་ཕྲ་རགས་མང་པོ་ཡོད་པའི་ནང་གི་སེམས་ཕྲ་མོའི་སྒང་ལ་སླེབས་སྐབས་ཉོན་མོངས་མངོན་གྱུར་བ་སྐྱེས་རྒྱུ་མེད། སེམས་ཀྱི་ལྷན་སྐྱེས་ཀྱི་རང་བཞིན་འོད་གསལ་བ་ཆགས་ཡོད། དེ་ང་ཚོར་སྤོབས་པ་སླེབས་དགོས་པ་རེད། དེ་ཤེས་པ་བྱོས།
དེའི་ཐོག་ནས་སེམས་དེ་རང་བཞིན་གྱིས་འོད་གསལ་བ་རེད་མ་གཏོགས་དྲི་མ་དེ་ལྷན་སྐྱེས་ལ་ཡོད་པ་ཞིག་མ་རེད། མ་རིག་པ་ནི་མ་ཤེས་པའི་དབང་གིས་ཡོང་བ་ཞིག་ཡིན་པས་དེ་སེལ་ཐུབ་པའི་བསམ་བློ་ཞིག་འཁོར་ཡོང་གི་འདུག དེ་ལྟ་བུའི་ཐབས་ཤེས་ཀྱི་རྟོགས་པ་ཟུང་འདབ་ཆགས་ཀྱི་གཤོག་པ་ཟུང་ལྡན་ལྟར་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་རྒྱུ་ཞིག་རེད། འདི་ངོས་ཀྱིས་ཆོས་གྲོགས་ཚོར་དཔེ་ཆའི་ནང་དུ་བསླབ་པ་གཅིག་པུ་མིན། ངོས་ལ་ཆ་བཞག་ན་ལོ་བཅུ་ཕྲག་མང་པོར་བསམ་བློ་མང་པོ་བཏང་ནས་དཔྱད་སྒོམ་དང་། འཇོག་སྒོམ་བྱས་པར་དངོས་གནས་བསམ་བློར་འགྱུར་བ་འགྲོ་རྒྱུ་ཡོད་པ་དང་། བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་བརྗོད་དུས་བློ་དེ་ག་རང་གི་ནང་དུ་ཡོང་བ་ཞིག་དང་། རང་གཅེས་འཛིན་གྱི་གཞན་དབང་དུ་གྱུར་བའི་བློ་དེ་གཞན་གཅེས་འཛིན་གྱི་བློའི་རྣམ་པར་བསྒྱུར་ཐུབ་པ་དང་། བདེན་གྲུབ་ཏུ་འཛིན་པའི་བློའི་ཨ་འཐས་ཀྱི་འཛིན་པ་དེ་སྣང་ཡུལ་མི་མཐུན་པ་སྒྱུ་མ་ལྟ་བུ་ཡིན་བསམ་པ་ཞིག་བློ་ལ་ཤར་ཐུབ་པ་ཞིག་ཡོང་རྒྱུ་འདུག
ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ཞེས་པ་ནི་ཚིག་ཙམ་མ་ཡིན་པར་ཉམས་མྱོང་གི་ཐོག་ནས་ཐབས་ཤེས་ཟུང་འབྲེལ་གྱི་རྟོགས་པ་རྒྱུད་ལ་སྐྱེས་པའི་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ས་རེད་སྙམ་པ་ཞིག་བློ་ལ་འཆར་གྱི་འདུག དེ་དུས་གཅིག་ལ་ཡོང་གི་མ་རེད། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱཧཱ། ཞེས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་ཞེས་ཡོད། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཞེས་པར་བསམ་བློ་གཏོང་དུས་ངོས་རང་ཡང་ཕལ་ཆེར་ཐེག་ཆེན་ཚོགས་ལམ་ཐོབ་པར་ཆ་བཞག་ཆོག་གི་རེད། ཐེག་ཆེན་སྦྱོར་ལམ་གྱི་ཐོག་ལ་འགྲོ་རྒྱུ་སླེབས་ཡོང་གི་འདུག དེ་ཐོས་བྱུང་གི་ཤེས་རབ། བསམ་བྱུང་གི་ཤེས་རབ། སྒོམ་བྱུང་གི་ཤེས་རབ་ཅེས་རིམ་པར་བསམ་བློ་བཏང་བ་ཡིན་ན་དཔེ་ཆའི་ནང་དུ་བཤད་ཡོད་པ་ཙམ་མ་ཡིན་པར་སེམས་ནང་དུ་ཚོར་བ་སླེབས་པ་ཞིག་དང་ཉམས་མྱོང་སླེབས་པ་ཞིག་ཡོང་རྒྱུ་འདུག དེར་བརྟེན་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱཧཱ། ཞེས་བློ་གོང་ནས་གོང་དུ་ཁྱད་ཞུགས་པ་ནི་ད་ལྟའི་ང་རང་ཚོའི་བློ་མ་རིག་པའི་གཞན་དབང་དུ་གྱུར་བ། རང་གཅེས་འཛིན་གྱི་གཞན་དབང་དུ་གྱུར་པའི་བློ་འདི་བཅོས་བསྒྱུར་བཏང་ནས་འགྲོ་རྒྱུ་མ་གཏོགས། དེ་ཕར་བཞག་ནས་སངས་རྒྱས་ཀྱི་བྱིན་རླབས་གློ་བུར་དུ་ཡོང་རྒྱུ་ཡོད་པ་མ་རེད། འདི་ངོས་ཀྱིས་ཆོས་གྲོགས་ཚོར་ངོས་རང་གི་ཉམས་མྱོང་ཐོག་ནས་འདི་ལྟར་ཡོང་གི་འདུག་ཅེས་ཞུ་འདོད་བྱུང་། ཅེས་སོགས་བཀའ་སློབ་སྩལ། །