༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༣ ཉིན་རྒྱ་ནག་ཉེན་རྟོག་པས་རྫ་སྨད་དབོན་པོ་དགོན་པ་དགའ་ལྡན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་པ་ ༦ དང་ཛ་དབོན་པོའི་གྲོང་སྡེ་ཁུལ་ནས་བུད་མེད་ ༢ བཅས་ཁྱོན་ཛ་དབོན་པོ་ནས་བོད་མི་བརྒྱད་སླར་ཡང་འཛིན་བཟུང་བཙན་ཁྲིད་བྱས་འདུག
དེ་ཡང་ཉེ་ཆར་རྒྱ་ནག་གཞུང་གིས་རྫ་དབོན་པོའི་སྡེ་དགོན་གཉིས་སུ་དམག་མི་འབོར་ཆེན་བཏང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པ་དང་བཙན་བྱོལ་དུ་ཡོད་པའི་བོད་མི་དང་འབྲེལ་བ་བྱས་པའི་ཉེས་མིང་འོག་སེར་སྐྱ་གྲངས་ ༡༡༣ ཙམ་འཛིན་བཟུང་བྱས་ཏེ་སེར་ཤུལ་རྫོང་དུ་བཙན་ཁྲིད་བྱས་ཡོད།
འདས་པའི་བདུན་ཕྲག་གཉིས་རིང་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཛ་དབོན་པོ་ནས་བོད་མི་སྐྱ་སེར་མི་གྲངས་ ༡༢༡ ཙམ་འཛིན་བཟུང་བཙན་ཁྲིད་བྱས་པའི་ཁོངས་ནས་དགེ་འདུན་པ་གཅིག་དང་། བུད་མེད་གཅིག མི་སྐྱ་གཉིས་བཅས་ཁྱོན་མི་གྲངས་ ༤ གློད་བཀྲོལ་བཏང་ཡོད་ཀྱང་གཞན་རྣམས་སེར་ཤུལ་རྫོང་དུ་བཙན་ཁྲིད་བྱས་ཡོད། འཛིན་བཟུང་བྱས་པའི་བོད་མི་བརྒྱད་ཀྱི་མིང་དང་ལོ་རྒྱུས་ཞིབ་ཕྲ་ཡོངས་ཁྱབ་བྱས་མེད་པ་རེད། ཉེན་རྟོག་པ་ལྔ་ནས་དྲུག་གིས་དགེ་འདུན་པ་རེ་རེའི་གྲྭ་ཤག་ལ་སྔོག་བཤེར་བྱས་ཏེ་དགེ་འདུན་པ་དྲུག་སེར་ཤུལ་རྫོང་དུ་བཙན་ཁྲིད་བྱས་ཡོད། །