༄༅། །བོད་དོན་རྒྱབ་སྐྱོར་བ་དང་། བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་རྩོམ་པ་པོ། རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཚོགས་པ་ཀིརི་དཱ་ (Kreddha) ཞེས་པའི་འཛིན་སྐྱོང་ཚོགས་གཙོ་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) མཆོག་གིས་ལི་ཐུ་ནི་ཡཱ་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་པེ་ཊི་ར་སི་ (Petras Auštrevičius) ལགས་དང་མཇལ་འཕྲད་ཀྱིས་ཁོང་གིས་བརྩམས་པའི་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་གནས་ཚུལ་གནད་བསྡུས་ (The Tibet Brief 20/20) ཞེས་པའི་དཔེ་དེབ་ཕུལ་ཡོད། སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་པེ་ཊི་ར་སི་ལགས་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་གནས་ཚུལ་གནད་བསྡུས་ཞེས་པའི་དཔེ་དེབ་ལ་དགའ་མོས་གནང་ཡོད་པ་མ་ཟད། དཔེ་དེབ་དེ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་གང་མང་ལ་གནང་དགོས་པའི་གལ་གནད་དང་། རྒྱ་ནག་གཞུང་གིས་ཡུ་རོབ་ཀྱི་ཆབ་སྲིད་ཁྲོད་སླུ་ཁྲིད་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས།དེ་རྗེས་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཧྥ་བྷིའོ་མ་སི་མོ་ཁེ་སི་ཊལ་ཌོ་ (Fabio Massimo Castaldo) ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཧྥ་བྷིའོ་མ་སི་མོ་ཁེ་སི་ཊལ་ཌོ་ལགས་ཀྱིས་རྒྱལ་སྤྱིའི་ཁྲིམས་དང་ད་ལྟའི་རྒྱ་བོད་གཉིས་ཀྱི་གནད་དོན་སོགས་ཀྱི་སྐོར་གསུངས།
ཉིན་གསུམ་པར་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་དང་གཞུང་འབྲེལ་མི་སྣ་སོགས་དང་མཇལ་འཕྲད་ཀྱིས་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་གནས་ཚུལ་གནད་བསྡུས་ཞེས་པའི་དཔེ་དེབ་ངོ་སྤྲོད་གནང་ཡོད། སྐབས་དེར་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་ཕྱི་ལོ་ ༡༩༥༩ གོང་རྒྱ་ནག་གིས་ནམ་ཡང་བོད་ཀྱི་བདག་དབང་བཟུང་མྱོང་མེད། ཅེས་དང་། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་གྲངས་ཉུང་མི་རིགས་ཞེས་ཐ་སྙད་བེད་སྤྱོད་བྱེད་བཞིན་པའི་ཐད་གཟབ་གཟབ་གནང་དགོས་པ་དང་། བོད་མི་རྣམས་མི་རིགས་ཡིན་པ་ལས་གྲངས་ཉུང་མི་རིགས་མ་རེད། ཅེས་གསུངས། སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་དགོངས་ཚུལ་གསུངས་པ་རྣམས་ལ་ཡུ་རོབ་སྤྱི་མཐུན་ཚོགས་པའི་དབུ་ཁྲིད་དང་། གཞུང་འབྲེལ་མི་སྣ། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ཧ་ཅང་གདེང་འཇོག་ཆེན་པོ་གནང་ཡོད་པ་བཅས།།