༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་སྣེ་ཁྲིད་དེ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་དང་། སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འབྱུང་འགྱུར་རྒྱ་གར་བྱང་ཤར་ཁུལ་དང་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཞུང་འབྲེལ་གཟིགས་སྐོར་ཕེབས་རྒྱུ་ཡིན་པའི་སྐོར་སྙན་སྒྲོན་ཞུས་པར། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་གི་ངོས་ནས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་རྒྱ་གར་བྱང་ཤར་ཁུལ་གྱི་གཟིགས་སྐོར་དང་འབྲེལ་བའི་ཐད་མཐུན་འགྱུར་རོགས་རམ་གང་ལེགས་གནང་རྒྱུའི་ཞལ་བཞེས་གནང་ཡོད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གིས་མཐུན་འགྱུར་རོགས་རམ་གནང་རྒྱུའི་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་ཕྱི་ཚེས་ ༢༡ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་རྟ་དབང་དགོན་པར་ཆེད་བཅར་གྱིས་རྟ་དབང་དགོན་པའི་འཛིན་སྐྱོང་འགན་འཛིན་རྣམ་པ་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་ཕེབས་རྒྱུ་ཡིན་པའི་གནས་ཚུལ་སྙིང་བསྡུས་ཞུས་གནང་ཡོད།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཚོགས་ཆུང་ནི། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ཨ་སམ་དང་མེ་གྷ་ལ་ཡ་མངའ་སྡེའི་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་སོ་མ་ཡ་ཌིབ་དཱ་ཏཱ་ (Shri Soumyadeep Datta) ལགས། ཨ་རུ་ནཱ་ཅལ་ཁུལ་གྱི་འཕགས་བོད་འབྲེལ་མཐུད་ཚོགས་པའི་སྐུ་ཞབས་རྡོ་རྗེ་ཁེར་མེ་ (Shri Wangdi Dorjee Khrimey) ལགས། རྟ་དབང་རྫོང་གི་འཕགས་བོད་འབྲེལ་མཐུད་ཚོགས་པའི་སྐུ་ཞབས་ལྷུན་གྲུབ་ཆོས་བཟང་ལགས། བསྟན་འཛིན་སྒང་ས་གནས་འགོ་འཛིན་དབྱངས་སྒྲུབ་ལགས། འབུམ་སྡེ་ལ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་ཚེ་ལྷ་ལགས་བཅས་ཡིན་པ་བཅས།།