༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢ ཉིན་བོད་མིའི་མང་གཙོ་དབུ་བརྙེས་ནས་མི་ལོ་ ༦༡ འཁོར་བའི་དུས་ཆེན་ཉིན་མོར། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཐུན་མོང་ཐོག་ ༼བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་ཁྲག་དང་མིག་ཆུའི་ལོ་ངོ་ ༧༠ འཁོར་བའི་དཔེ་དེབ་དབུ་འབྱེད།༽ ཀྱི་གསར་འགོད་ལྷན་ཚོགས་ཤིག་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཐའེ་ཝན་གྲོས་ཚོགས་སྐུ་མགྲོན་མཇལ་འཕྲད་ཚོམས་ཆེན་ནང་བསྐྱངས་ཡོད་པ་རེད།དེ་ཡང་རྒྱ་ནག་གཞུང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཟེར་བའི་དུས་སྟོན་རྒྱ་ཆེ་འཚོགས་ཏེ་མུ་མཐུད་འཛམ་གླིང་མི་མང་མགོ་སྐོར་བསླུ་བྲིད་གཏོང་བཞིན་ཡོད་པ་དེ་དག་ཐེར་འདོན་ཆེད། དངོས་ཡོད་ཀྱི་ལམ་ནས་སྐབས་དེའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རྒྱ་མི་རིགས་ལ་ངོ་སྤྲོད་བྱ་རྒྱུ་གལ་ཆེར་སོང་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་སྟངས་འཛིན་འོག་ཡོད་པའི་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་ཞུས་པའི་གངས་ལྗོངས་དེབ་ཕྲེང་ ༤༣ སྟེ་༼བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་ཕྱིའི་བྱུང་རིམ་ལ་དཔྱད་པ།༽ ཞེས་པའི་རྒྱ་ཡིག་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་བསྐྱངས། གསར་འགོད་ལྷན་ཚོགས་ཀྱི་ཐོག་མར་ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧྥི་རེ་ཌི་ལིམ་ (Freddy Lim) ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་སྦྲགས་ཁོང་གིས་གསུངས་དོན། དེ་རིང་དབུ་འབྱེད་བྱེད་པའི་དེབ་འདི་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ཟེར་བའི་དངོས་དོན་གང་ཡིན་ཐེར་འདོན་དང་། གུང་བྲན་ཏང་གིས་གཞི་རྒྱ་ཆེ་བའི་རྫུན་གཏམ་གྱི་ཁྱབ་བསྒྲགས་ཀྱི་མཚང་རྟོལ་བ། རྒྱ་གཞུང་གིས་བོད་དབང་བསྒྱུར་བྱས་པའི་ཁྲིམས་མཐུན་ཡིན་ཟེར་བ་མཐིལ་རྟོལ་བའི་གལ་ཆེའི་ལོ་རྒྱུས་ཀྱི་དེབ་ཅིག་ཆགས་ཡོད་པས་ཚང་མས་དཔེ་ཀློག་གནང་བའི་རེ་བ་དང་། དེབ་དེས་ང་ཚོ་ཐའེ་ཝན་ལ་མཚོན་ན་ད་ལྟ་ལོངས་སུ་སྤྱོད་བཞིན་པའི་རང་དབང་མང་གཙོའི་བདེ་སྐྱིད་ཀྱི་འཚོ་བ་དེ་དག་སྲུང་སྐྱོབ་དགོས་པའི་ཉེན་བརྡ་ཡང་བཏང་ཡོད་ཅེས་གསུངས།ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དོན་ཚན་ཁག་དྲུག་གི་ཐོག་ནས་དཔེ་དེབ་དབུ་འབྱེད་གནང་བའི་དགོས་དམིགས་ངོ་སྤྲོད་གནང་། ཐོག་མར་དོན་ཚན་བཅུ་བདུན་ཟེར་བ་མ་བཞག་གོང་བོད་འདི་རང་བཙན་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་གནས་ཡོད་པ་དང་། ཕྱི་ལོ་ ༡༩༤༩ ལོ་ནས་དྲག་པོའི་དམག་དཔུང་བོད་ནང་བཙན་འཛུལ། ཕྱི་ལོ་ ༡༩༥༡ ལོར་བཙན་དབང་དང་དྲག་པོའི་དབང་ཤུགས་འོག་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་འཇོག་དགོས་བྱུང་བ། དེའི་སྐབས་སུ་རྒྱལ་སྤྱིའི་གནས་བབ་དང་གྲོས་མཐུན་དོན་ཚན་ ༡༧ ལ་ཁས་ལེན་མི་བྱ་ཐབས་མེད་ཀྱི་རྒྱབ་ལྗོངས་ལོ་རྒྱུས། དེ་རྗེས་རྒྱ་གཞུང་གིས་གྲོས་མཐུན་གྱི་ནང་དོན་རྩ་འགལ་ཇི་བཏང་། གྲོས་མཐུན་དོན་ཚན་ ༡༧ གྱི་ཁྲིམས་མཐུན་ངོ་བོ་ནུས་མེད་དུ་གྱུར་ཟིན་ལུགས་བཅས་དོན་ཚན་རེ་རེ་བཞིན་འགྲེལ་བརྗོད་དང་འབྲེལ། གྲོས་མཐུན་དེ་བཞག་པའི་མཇུག་འབྲས་ནི་བོད་ཀྱི་དགོན་སྡེ་ ༦༠༠༠ ལྷག་གཏོར་བཤིག་དང་། བོད་མི་ས་ཡ་གཅིག་དང་ཉིས་འབུམ་ལྷག་དུས་མིན་རྐྱེན་འདས། བོད་ཀྱི་ཁྲིམས་མཐུན་གཞུང་དང་དེའི་དབུ་འཁྲིད་བཙན་བྱོལ་དུ་གྱར་ཏེ་དུས་ད་ལྟའང་ཕྱིར་རང་ཡུལ་དུ་ལོག་མི་ཐུབ་པའི་ཡ་ང་བརྗོད་ཀྱིས་མི་ལངས་པ་བྱུང་བ་མ་ཟད། མི་ལོ་ ༧༠ རིང་གི་སྡུག་བསྔལ་ད་དུང་རྫོགས་མེད་པར་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་འོག་གཞིས་ལུས་བོད་མི་ ༡༥༧ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་གྱུར་ཡོད་ཅེས་གསུངས། སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ད་དུང་གསར་འགོད་པ་ཚོར་གསུང་དོན། དེང་སང་བཤད་སྲོལ་ཞིག་ཡོད་པ་ནི། རྒྱལ་ཁབ་གཅིག་གི་སྲིད་བྱུས་ཤིན་ཅང་ལ་ལྟོས། ཞི་བས་གྲོས་མཐུན་མཇུག་འབྲས་བོད་ལ་ལྟོས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཧོང་ཀོང་ལ་ལྟོས་ཞེས་པ་རེད། ངས་གསར་དུ་བསྣན་རྒྱུ་ཞིག་ལ་མི་རིགས་རང་སྐྱོང་སོག་པོར་ལྟོས་ཞེས་པ་དེ་ཡིན། རྒྱ་དམར་གྱི་བདག་དབང་ཡིན་ཞེས་སྒྲོག་བཞིན་པའི་ནང་ད་ལྟ་ཐའེ་ཝན་མ་གཏོགས་ལྷག་མེད། ཐའེ་ཝན་དེ་མཐའ་མའི་དག་པའི་ཞིང་ཁམས་ཤིག་ཆགས་ཀྱི་ཡོད་སྟབས་དེ་སྲུང་ཐུབ་དང་མི་ཐུབ་ཐའེ་ཝན་མི་མང་ལ་རགས་ལས་པ་དང་། གལ་སྲིད་སྲུང་མ་ཐུབ་པ་ཡིན་ན་གོང་གསལ་ས་ཁུལ་དང་གཅིག་པ་ཆགས་རྒྱུའི་ཉེན་ཁ་ཡོད་ཅེས་གསུངས།གྲོས་ཚོགས་འཐུས་མི་ལྕམ་ཕེན་ཡུན་ (Fan Yun) ལགས་ཀྱིས་གསུང་དོན། ཐའེ་ཝན་གྱི་སྲིད་དོན་ཚོགས་པ་འགས་རྒྱ་ནག་གུང་བྲན་གཞུང་དང་ཞི་བའི་ཆིངས་ཡིག་འཇོག་རྒྱུའི་གྲོས་འགོ་འདོན་གྱི་ཡོད། བོད་པའི་ཕྱོགས་ནས་ཡིག་ཆ་ཕུན་སུམ་ཚོགས་པའི་དཔེ་དེབ་གསར་པ་ཐོན་པ་དེ་དུས་སུ་བབ་པར་མཐོང་། ཚང་མས་ངེས་པར་དུ་མཐོང་དགོས་པ་ཞིག་ལ་གུང་བྲན་གཞུང་གིས་དུས་རྟག་ཏུ་ཕྱི་འབྲེལ་ཐོག་ཞི་བའི་ཆིངས་ཡིག་གི་མིང་ཐོག་ནས་ཕྱི་འཇམ་ནང་རྩུབ་དང་། ཆིངས་ཡིག་བཞག་རྗེས་རྩིས་མེད་རྡོག་རོལ་བཏང་སྟེ་ཁོ་ཚོའི་འདོད་མོས་ལྟར་དྲག་པོའི་ལག་བསྟར་བྱེད་རྐྱང་ལས་ཆིངས་ཡིག་དང་གྲོས་མཐུན་སོགས་བརྩི་སྲུང་ཞུ་རྒྱུའི་གོམས་གཤིས་རྩ་ནས་མེད་པས། དཔེ་དེབ་འདིས་ང་ཚོ་ཐའེ་ཝན་ལ་བསླབ་བྱ་གཏིང་ཟབ་ཅིག་སྟེར་ངེས་ཞེས་བརྗོད།གྲོས་ཚོགས་འཐུས་མི་སྐུ་ཞབས་ཧུང་ཧྲེང་ཧན་ (Hung Sun Han) ལགས་ཀྱིས་གསུང་བཤད་གནང་དོན། རྒྱ་ནག་གུང་བྲན་གཞུང་གི་ཐབས་བྱུས་མཁས་ཤོས་ནི་ཞི་བའི་མིང་ཐོག་ནས་དོན་དངོས་ཀྱི་གཉའ་གནོན་གཏོང་གི་ཡོད། དེབ་འདིའི་ནང་གི་ལོ་རྒྱུས་དེ་དག་གིས་ཞི་བའི་ཆིངས་ཡིག་གི་གཡོ་སྒྱུའི་ངན་ཇུས་ཚོང་སྒྱུར་དེ་དག་རྫུན་རྐུབ་རྟོལ་ཡོད་པ་དང་། ང་རང་སྒེར་ལ་མཚོན་ན་བོད་མི་ཚོ་མཉམ་དུ་ཡུན་རིང་འབྲེལ་འདྲིས་ཀྱི་བརྒྱུད་རིམ་ནང་སློབ་སྦྱོང་མང་པོ་ཞིག་རགས་ཀྱི་འདུག་ལ། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཞིག་ལ་གལ་སྲིད་ཁོང་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་དང་ཆོད་སེམས་མེད་ན། ང་ཚོའང་ལས་དོན་རྒྱུན་མཐུད་ཁག་པོ་དང་། ཁོང་ཚོའི་སྐུ་དྲིན་ལས་རྒྱ་གཞུང་གི་ངན་བྱུས་མང་པོ་ཞིག་ང་ཚོས་ཀྱང་གསལ་མཐོང་ཡོང་གི་འདུག་ཅེས་བརྗོད།
གྲོས་ཚོགས་འཐུས་མི་ལྕམ་ལིའུ་ཧྲི་ཧྥང་ (Liu Shyh Fang) ལགས་ཀྱིས་གསུང་དོན། དུས་ཡུན་རིང་པོའི་ནང་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་གཉའ་གནོན་འོག་ལ་མགོ་བོ་མི་སྒུར་བའི་སེམས་ཤུགས་ལ་ཡི་རངས་ཞུ་བཞིན་ཡོད་ལ། དེ་བཞིན་རྒྱ་གཞུང་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཟེར་བར་ཞེན་པ་ལོག་གི་ཡོད། དེ་རིང་གངས་ལྗོངས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཞུས་པའི་གྲོས་མཐུན་དོན་ཚན་ ༡༧ སྐོར་གྱི་དེབ་འདིས་ཐའེ་ཝན་མི་མང་ལ་བསླབ་བྱ་ག་རེ་སྟོན་འདུག་ཞུས་ན་ཐའེ་ཝན་གྱི་ཆབ་སྲིད་ཚོགས་པའམ། ཐའེ་ཝན་མི་མས་ནས་རྒྱ་གཞུང་མཉམ་དུ་ཞི་བའི་ཆིངས་ཡིག་འཇོག་ན་ཐའེ་ཝན་ལ་ཞི་བདེ་སྐྲུན་ངེས་ཡིན་སྙམ་པ་ནི་སྟོང་བསམ་ཉག་ཅིག་ཡིན་པ་དེབ་འདི་ནས་ར་འཕྲོད་དེ་བས་གསལ་པོ་བྱུང་སོང་། དེབ་འདིར་ལྟོས་དང་ག་རེ་ཞི་བས་བཅིངས་འགྲོལ། དྲག་པོའི་བཙན་འཛུལ་རང་རེད་འདུག་ཅེས་བརྗོད། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམ་པར་བོད་དོན་ཐད་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས།གངས་ལྗོངས་དཔེ་སྐྲུན་ཁང་གི་འགན་འཛིན་ནས་དཔེ་དེབ་པར་སྐྲུན་གྱི་དགོས་དམིགས་དང་རྩོམ་པ་པོ་ངོ་སྤྲོད་གནང་རྗེས། རྒྱ་ཡིག་ཐོག་ཡིག་སྒྱུར་གནང་མཁན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་དབུ་འབྱེད་མཛད་སྒོར་འཚམས་འཕྲིན་གནང་བ་སྒྲོག་སྦྱང་གནང་།
མཐའ་མ་རྩོམ་པ་པོ་གྲས་ཐའེ་ཝན་དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེས་ངོ་སྤྲོད་གནང་དོན། རྒྱ་གཞུང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་དེ་ཁྲིམས་མཐུན་ཡིན་པའི་འཁྱོག་བརྗོད་མི་ལོ་ ༧༠ རིང་བྱས་ཡོད་ཀྱང་། དེབ་འདིའི་ནང་འདས་པའི་བྱུང་རིམ་ཞིབ་ཕྲ་སྐབས་དེའི་འབྲེལ་ཡོད་མི་སྣའི་ལོ་རྒྱུས་དང་། ཉིན་ཐོ་སོགས་ལ་གཞི་བཞག་ནས་ལོ་རྒྱུས་གསལ་དཀྲོལ་དང་། རྒྱ་གཞུང་གི་ལོ་རྒྱུས་འཁྱོག་བརྗོད་བྱས་སྐབས་རྒྱ་དམག་བོད་ལ་ཡོང་བ་ནི་བོད་མི་མང་གིས་བཅིངས་འགྲོལ་གཏོང་རོགས་ཞེས་ཞུ་བ་འཐེན་པའི་རྐྱེན་གྱིས་ཡོང་ལུགས་བརྗོད་ཀྱི་ཡོད། ཁོང་ཚོས་ཁུངས་བཅོལ་ས་ནི་པཎ་ཆེན་རིན་པོ་ཆེའི་ཏར་འཕྲིན་ཞིག་ཡིན། འོན་ཀྱང་དེ་དུས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགུང་གྲངས་ ༡༡ ལས་ཕེབས་མེད་པ་དང་། ཏར་འཕྲིན་གང་འདྲ་བྱས་ནས་བཏང་སྐོར། དེ་བཞིན་དབང་ཚད་ཆ་ཚང་ཡོད་པའི་བོད་མིའི་སྐུ་ཚབ་རྣམས་ནས་མིང་རྟགས་བཀོད་ལུགས་བརྗོད་ཀྱང་། སྐུ་ཚབ་ཚོར་བོད་གཞུང་ནས་ཆིངས་འཇོག་བྱེད་པའི་དབང་ཚད་སྤྲད་མེད་པར་གྲོས་མོལ་བྱེད་པར་མངགས་པ་དང་། དེ་བཞིན་དམ་ཕྲུག་ཀྱང་རྒྱ་གཞུང་གིས་རྫུན་བཟོ་བྱས་པ། དོན་ཚན་གསུམ་པ་ཞིག་ལ་གྲོས་མཐུན་དེར་བོད་ཀྱི་དབུ་འཁྲིད་ནས་ཁས་ལེན་ཞུས་ཡོད་ཅེས་བརྗོད་ཀྱང་། བོད་ལྗོངས་ཚོགས་འདུ་རྒྱས་འཛོམས་ཐོག་ནས་བོད་ནང་རྒྱ་དམག་གི་གྲངས་འབོར་དང་། བོད་ཆོལ་ཁ་གསུམ་མཉམ་དུ་སྦྲེལ་བ། བོད་ཀྱི་མཐའ་མཚམས་བོད་དམག་གིས་འགན་སྲུང་སོགས་དྲི་བ་བཏོན་པ་རྒྱ་ཕྱོགས་ནས་ཁས་ལེན་བྱས་སྟབས་ངོས་ལེན་བྱས་པ་སོགས་ཞིབ་ཕྲའི་གནས་ཚུལ་དེབ་འདིའི་ནང་ཞིབ་ཅིང་ཕྲ་བས་བཀོད་ཡོད་པས། ཐའེ་ཝན་གྱི་གཞོན་སྐྱེས་ཚོའི་བསླབ་བྱའི་སློབ་དེབ་ཡག་པོ་ཞིག་ཡིན་སྐོར་བརྗོད།དཔེ་དེབ་དེ་ནི་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་ཉམས་ཞིབ་བྱས་ཏེ་ཕྱི་ལོ་ ༢༠༠༡ ལོར་༼གྲོས་མཐུན་དོན་ཚན་བཅུ་བདུན།༽ཟེར་བ་བཞག་ནས་མི་ལོ་ ༥༠ འཁོར་བའི་སྐབས་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་བོད་ཡིག་ཐོག་པར་སྐྲུན་གནང་བ་དང་། གྲོས་མཐུན་དེ་བཞག་ནས་མི་ལོ་ ༧༠ འཁོར་བའི་སྐབས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་རྒྱ་སྒྱུར་གནང་སྟེ་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་གནང་བ་ཞིག་ཡིན་པ་རེད།