༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མ་དང་བྱིས་པའི་འཕྲོད་བསྟེན་ཚན་པ་ནས་རྡ་སྟེང་བོད་ཁྱིམ་དང་། རྡ་ཤོད་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་བཅས་སུ་བུ་མོ་ལོ་ན་ ༡༣ ཡན་གྱི་སློབ་ཕྲུག་གྲངས་ ༤༡༣ ལ་ཁྲག་ནད་(Anaemia)་སྐོར་གོ་རྟོགས་སྤེལ་ཡོད།
དེ་ཡང་ཁྲག་ནད་ (Anaemia) ཞེས་པའི་ནད་གཞི་ནི། གཙོ་བོ་ཁྲག་གི་ཚད་གཞི་མ་ལོངས་པའམ་ཁྲག་གི་ནང་ཕྲ་ཕུང་དམར་པོ་ཉུང་དྲགས་པ་ལ་བརྟེན་ནས་འབྱུང་གི་ཡོད། ཐེངས་འདིའི་གོ་རྟོགས་ལས་རིམ་སླད་བུ་མོ་ལོ་ན་ ༡༣ ཡན་གྱི་སློབ་ཕྲུག་བདམས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བུ་མོ་ལོ་ན་ ༡༣ ལ་ལོན་སྐབས་ཟླ་མཚན་ཡོང་གི་ཡོད་སྟབས་ཁྲག་ཉུང་དྲགས་པས་རྐྱེན་གྱིས་ཁྲག་ནད་ཀྱི་ནད་གཞི་འཕོག་སླ་བ་ཡོང་གི་ཡོད།འཕྲོད་བསྟེན་ལས་ཁུངས་ཀྱི་མ་དང་བྱིས་པའི་འཕྲོད་བསྟེན་ཚན་པའི་འབྲེལ་ཡོད་ལས་བྱེད་སྐལ་བཟང་ཆོས་སྒྲོན་ལགས་དང་བསྟན་འཛིན་ཆོས་འཕེལ་ལགས་རྣམ་གཉིས་ཀྱིས་རྡ་སྟེང་བོད་ཁྱིམ་དང་། རྡ་ཤོད་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་བཅས་སུ་བུ་མོ་ལོ་ན་ ༡༣ ཡན་གྱི་སློབ་ཕྲུག་གྲངས་ ༤༡༣ ལ་ཁྲག་ནད་དང་ཟླ་མཚན་འཕྲོད་བསྟེན། དེ་བཞིན་ལང་ཚོ་དར་བབས་སྐབས་བཟི་སྨན་ལང་ཤོར་དུ་ཕྱིན་པའི་རྗེས་འབྲས་སོགས་ཀྱི་སྐོར་གོ་རྟོགས་རྒྱ་ཆེ་སྤེལ་གནང་ཡོད་པ་བཅས།།