༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༧ ཉིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དགུང་གྲངས་ ༧༡ ལ་ཕེབས་པའི་སྐྱེས་སྐར་དང་བསྟུན་རྡ་ས་བདེ་ལེགས་སྨན་ཁང་གིས་གཙོ་འགན་བཞེས་ཏེ་ཡོངས་གླིང་སློབ་གྲྭ་རུ་རིན་མེད་ཐོག་ཏོག་དབྱིབས་གཉན་རིམས་ནད་གཞི་ཡོད་མེད་བརྟག་དཔྱད་གནང་པའི་ཁྲོད་ནོར་གླིང་ཁུལ་ནས་མི་གྲངས་ ༩ ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཐོན་ཡོད་པ་དང་། ཕྱོགས་མཚུངས་ཕྱི་ཚེས་ ༢༠ ཉིན་བརྟག་དཔྱད་གནང་བའི་འབྲས་བུར་མི་གྲངས་ ༨ ལ་ནད་རྟགས་ཐོན་ཡོད། དེ་བཞིན་ཕྱི་ཚེས་ ༢༡ ཉིན་མི་གྲངས་ ༩༥ ལ་བརྟག་དཔྱད་བྱས་པའི་ཁྲོད་མི་གྲངས་ ༩ ལ་ནད་རྟགས་ཐོན་ཡོད་པ་མ་ཟད། ཁག་གཅིག་གིས་རྡ་སའི་ཛོ་ནལ་སྨན་ཁང་སོགས་སུ་བརྟག་དཔྱད་བྱས་པ་དེ་དག་ལའང་ནད་རྟགས་ཐོན་ཡོད། ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། རྡ་ས་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་བཅས་ནོར་གླིང་དུ་ཆེད་ཕེབས་ཀྱིས་འབྲེལ་ཡོད་འགན་འཛིན་དང་ཐུག་འཕྲད་ཀྱིས་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་བའི་བཀའ་བསྡུར་གནང་ཡོད། ཕྱི་ཚེས་ ༢༢ བར་ནོར་གླིང་ཁུལ་ནས་ཁྱོན་བོད་མི་གྲངས་ ༣༣ ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ཐོན་ཡོད་པར་བརྟེན་ཀངྒ་རཱ་རྫོང་ལས་ཁུངས་ནས་ནོར་གླིང་ཁུལ་ནི་དོ་དམ་ས་ཁུལ་ (Containment zone) དུ་ངོས་འཛིན་གྱིས་མི་ཡར་མར་འགྲུལ་བཞུད་བཀག་འགོག་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།