༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་ཤིས་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༣ ཉིན་རྒྱ་གར་གྱི་མེ་གྷཱ་ལཡ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེམ་ཨེ་སི་རའོ་ (Shri M. S. Rao) ལགས་དང་མཇལ་འཕྲད་ཀྱིས་ཁ་བཏགས་དང་། བཀྲ་ཤིས་རྟགས་བརྒྱད་ཅན་གྱི་ཕྱག་རྟགས། དེ་བཞིན་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀ་ལོན་སྦུག་གི་ཐུག་བཟོ་བ་ (The Noodle Maker of Kalimpong: The Untold Story of My Struggle for Tibet) ཞེས་པའི་དཔེ་དེབ་བཅས་ཕུལ་ཡོད།
སྐབས་དེར་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ནས་བོད་མི་དང་བོད་དོན་སླད་ཕྱག་ལས་གནང་ཕྱོགས་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་གཞུང་མང་གཉིས་ཀྱིས་འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་གཏོང་ཕོད་ཆེན་པོའི་སྒོ་ནས་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད།གཞན་ཡང་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་འབྱུང་འགྱུར་རྒྱ་གར་བྱང་ཤར་ཁུལ་དང་མེ་གྷཱ་ལཡ་མངའ་སྡེའི་ནང་གཞུང་འབྲེལ་འཚམས་གཟིགས་ཕེབས་རྒྱུ་ཡིན་པའི་གནས་ཚུལ་སྙིང་བསྡུས་ཞུས་པར་སྐུ་ཞབས་ཨེམ་ཨེ་སི་རའོ་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་འཚམས་གཟིགས་སླད་མཐུན་འགྱུར་རོགས་རམ་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་ཡོད།
མེ་གྷཱ་ལཡ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཨེམ་ཨེ་སི་རའོ་ལགས་མཛད་འཕྲིན་རྒྱས་པོ་ཡིན་ཡང་ཁོང་གིས་མཇལ་འཕྲད་ཀྱི་གོ་སྐབས་གནང་བར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་ཤིས་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།