༄༅། །ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་རྟེན་གཞི་བྱས་པའི་རྒྱ་གར་གྱི་གཞུང་ཚབ་ཁང་དུ་བ་ཀུ་ལ་རིན་པོ་ཆེའི་མཛད་རྣམ་སྐོར་དཔེ་དེབ་ (The Architect of Modern Ladakh) ཞེས་པ་ཞིག་དབུ་འབྱེད་གནང་ཡོད། དཔེ་དེབ་དབུ་འབྱེད་མཛད་སྒོར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་དང་། རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཝེན་ཀ་ཊེཤ་ཝར་མ་ (D.B. Venkatesh Varma) ལགས། དེ་བཞིན་རྒྱ་གར་དང་ཨུ་རུ་སུའི་སློབ་གཉེར་ཁང་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད།
དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་བོད་དང་ནང་པའི་རྒྱལ་ཁབ་ཁག་དབར་འབྲེལ་བ་བྱུང་བའི་ལོ་རྒྱུས་སྐོར་གསུངས་རྗེས་རྒྱ་གར་གྱི་གཞུང་ཚབ་ཆེན་མོ་ཝེན་ཀ་ཊེཤ་ཝར་མ་ལགས་ཀྱིས་བ་ཀུ་ལ་རིན་པོ་ཆེའི་རླབས་ཆེན་གྱི་མཛད་པ་དང་། ཁོང་གིས་འགྲོ་བ་མི་སྤྱི་དང་། ལྷག་པར་སོག་པོ་དང་ཨུ་རུ་སུའི་མི་མང་གི་སླད་དུ་བློས་བཏང་གིས་ཕྱག་ལས་གནང་བ་དེ་ང་ཚོ་ཚང་མས་ཡིད་སྨོན་ཞུ་དགོས་པ་ཞིག་རེད། ཅེས་གསུངས།
བ་ཀུ་ལ་རིན་པོ་ཆེའི་མཛད་རྣམ་འབྲི་མཁན་བསོད་ནམས་དབང་ཕྱུག་ལགས་ཀྱིས་བ་ཀུ་ལ་རིན་པོ་ཆེ་མཆོག་གིས་ཉི་ཧོང་དང་སོག་པོའི་ནང་ནང་པའི་ཆོས་ཚོགས་གསར་འཛུགས་གནང་བ་སོགས་ཀྱི་སྐོར་གསུངས།འབྱུང་འགྱུར་ཐུན་མོང་གིས་ཤེས་ཡོན་དང་། རྩོམ་རིག སྒྱུ་རྩལ། རིག་གཞུང་སོགས་ཀྱི་ལས་གཞི་སྤེལ་རེས་བྱ་ཆེད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨིན་དྷི་ར་གྷན་དྷི་རྒྱལ་ཡོངས་ཤེས་ཡོན་བསྟི་གནས་ཁང་ (Indra Gandhi National Center for the Arts) དང་། ཤེས་ཡོན་བསྟི་གནས་ཁང་གཞན་ཁག་གཅིག་གི་དབར་མོས་མཐུན་གན་རྒྱ་བཞག་གནང་ཡོད།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཨུ་རུ་སུའི་ཁལ་མུག་སྤྱི་མཐུན་རྒྱལ་ཁབ་ (Kalmyk Republic) ཀྱི་གཞུང་གི་དགོན་པའི་ཚབ་ཞུས་ཏེ་ཨིན་དྷི་ར་གྷན་དྷི་རྒྱལ་ཡོངས་ཤེས་ཡོན་བསྟི་གནས་ཁང་དང་ལྷན་དུ་མོས་མཐུན་གན་རྒྱར་མཚན་རྟགས་བཀོད་གནང་ཡོད། བ་ཀུ་ལ་རིན་པོ་ཆེའི་མཛད་རྣམ་དཔེ་དེབ་དེ་ཨུ་རུ་སུའི་སྐད་ཡིག་དང་། སོག་ཡིག ཕ་རན་སིའི་སྐད་ཡིག་སོགས་ཀྱི་ཐོག་བསྒྱུར་ཡོད་པ་བཅས།།