༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༨ ཉིན་ཨ་རིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ (International Buddhist Association of America) ཀྱི་གོ་སྒྲིག་འོག་ཨ་རིའི་རྒྱལ་སའི་ཉེ་འཁོར་གྱི་མངའ་སྡེ་ཁག་གི་ནང་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཆོས་ཚོགས་རྣམས་མཉམ་འཛོམས་ཐོག་འཛམ་གླིང་ཞི་བདེ་དང་། ལྷག་པར་ཏོག་དབྱིབས་གཉན་རིམས་འདི་ཉིད་མགྱོགས་མྱུར་རྨེག་མེད་དུ་ཞི་སླད་རྒྱལ་སྤྱིའི་རང་བཞིན་ལྡན་པའི་སྨོན་ལམ་མམ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་སྨོན་ལམ་ཐེངས་དང་པོ་ཨ་རིའི་མེ་རེ་ལན་ཌི་མངའ་སྡེའི་ནང་རྟེན་གཞི་བྱས་པའི་འབྲི་གུང་རཏྣ་ཤྲིའི་ཆོས་ཚོགས་སུ་ཚོགས་ཡོད།ཚོགས་མགོན་དུ་སྐྱབས་རྗེ་སྤྱན་མངའ་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་ཨ་རྡོ་རིན་པོ་ཆེ་མཆོག མཁན་རིན་པོ་ཆེ་བསྟན་འཛིན་ཉི་མ་མཆོག བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་སོགས་ཀྱིས་གཙོས་དགེ་འདུན་པ་ཁག་གཅིག་བཅས་ཕེབས་ཡོད། དེ་ཡང་ཐོག་མར་ཨ་རིའི་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་གཉིས་ཀྱི་འགན་འཛིན་ལྕམ་སྐུ་དབང་མོ་ (Wangmo Dixey) ལགས་ཀྱིས་བརྙན་ཐུང་བརྒྱུད་ངོ་སྤྲོད་གསུང་བཤད་གནང་རྗེས་ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ བློ་བཟང་བསྟན་འཛིན་མཆོག་དང་། འཁོན་རིགས་བསྟན་པའི་མངའ་བདག་དཔལ་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པ་ཆེ་མཆོག སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་རྗེ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་བཅས་ཀྱིས་བརྙན་ཐུང་བརྒྱུད་ཐུགས་སྨོན་དང་གསུང་བཤད་གནང་ཡོད།ས་གནས་མངའ་སྡེ་གཞུང་གི་ཏོག་དབྱིབས་གཉན་རིམས་སྔོན་འགོག་ལམ་སྟོན་ལྟར་ཐེངས་འདིའི་སྨོན་ལམ་གསུང་འདོན་གྱི་ཚོགས་མགོན་དུ་དམིགས་བསལ་སྐུ་མགྲོན་ཉུང་ཤས་ཤིག་མ་གཏོགས་ཕེབས་ཐུབ་མེད་ནའང། མི་གྲངས་སུམ་ཁྲི་ཙམ་དྲ་ལམ་བརྒྱུད་མཉམ་ཞུགས་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།