༄༅། །བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༤ ནས་ ༦ བར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཨ་རིའི་ཡུ་ཊ་ (Utah) མངའ་སྡེའི་རྒྱལ་ས་སལ་ཊི་ལེག་སི་ཊེ་ (Salt Lake City) ནང་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། ཨ་རིའི་ཡུ་ཊ་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷེན་མེག་ཨེ་ཌམ་ (Ben McAdam) ལགས། ལྷོ་བྱང་ཨ་རིའི་སྤྱི་འཐུས་ཟུར་པ་པདྨ་ཕྱག་མཛོད་ཚང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་སྐུ་ཚབ་བསྟན་འཛིན་དམ་ཆོས་ལགས་བཅས་ཕེབས་ཡོད། གཞན་ཡང་ཨ་རི་ནང་རྟེན་གཞི་བྱས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཅོ་ལྔའི་ཚོགས་གཙོ་དང་དྲུང་ཆེ་སོགས་ཕེབས་ཡོད།
དེ་ཡང་ཚོགས་འདུའི་ཐོག་མར་ཡུ་ཊ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བློ་བཟང་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་རྗེས་ལྷོ་བྱང་ཨ་རིའི་སྤྱི་འཐུས་ཟུར་པ་པདྨ་ཕྱག་མཛོད་ཚང་ལགས་ཀྱིས་གསུང་བཤད་གནང་ཡོད། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷེན་མེག་ཨེ་ཌམ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཕེབས་བསུ་དང་སྦྲགས་བོད་དོན་སླད་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་རྒྱུ་ཡིན། ཞེས་གསུངས། ཨ་རིའི་གྲོས་ཚོགས་འཐུས་མི་ཁིར་སི་སི་ཊི་ཝ་ཊི་ (Chirs Stewart) མཆོག་གིས་བརྙན་ཐུང་བརྒྱུད་བོད་དོན་ཆེད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན། ཞེས་སེམས་འགུལ་ཐེབས་པའི་གསུང་བཤད་གནང་ཡོད།བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད། ཐེངས་འདིའི་ཚོགས་འདུའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་ཕྱོགས་དང་། དེ་བཞིན་༧རྒྱལ་བའི་སྐུ་ཕྱྭ་སོགས་ཀྱི་གནད་དོན། གཞན་ཡང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་སོགས་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་དང་། བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་བཅས་བོད་མི་ཚོས་རྒྱལ་སྤྱིའི་སྟེང་ཐེར་འདོན་དང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ། དེ་བཞིན་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོ་གནང་ཕྱོགས་སོགས་ཀྱི་སྐོར་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད། ཡུ་གུར་དང་། ཧོང་ཀོང་། རྒྱ་རིགས་སོགས་དང་མཉམ་འབྲེལ་ཐོག་རང་དབང་དང་དྲང་བདེན་གྱི་དོན་དུ་ལས་འགུལ་སྤེལ་དགོས་པ་ཚོགས་བཅར་བ་ཡོངས་ནས་ཁ་གཅིག་གྲག་གིས་གསུངས་ཡོད།དེ་བཞིན་ཨ་རིའི་སྲིད་འཛིན་མཆོག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་དུ་ཡོད་པའི་འཇམ་དཔལ་དབྱངས་ཀྱི་གནས་རི་བོ་རྩེ་ལྔ་དང་བོད་ལ་གནས་མཇལ་དུ་ཆིབས་སྒྱུར་བསྐྱང་བར་མཐུན་འགྱུར་གནང་དགོས་པའི་ཞུ་ཡིག་འབུལ་དགོས་པ། བོད་དོན་དང་བོད་མིའི་མང་གཙོའི་ཁེ་ཕན་ཆེད་དུ་ད་ལྟའི་དཀའ་ངལ་མགྱོགས་མྱུར་སེལ་སླད་ཚོགས་དྲུང་མཚན་ཐོག་ཏུ་ཡི་གེ་འབུལ་དགོས་པ་སོགས་ཀྱི་སྐོར་གྲོས་བསྡུར་གནང་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་བོད་དོན་ཞུ་གཏུག་གི་འཐབ་བྱུས་སྐོར་གསུངས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་སྐུ་ཚབ་བསྟན་འཛིན་དམ་ཆོས་ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ལས་དོན་དང་གདོང་ལེན་གནང་ཕྱོགས་སོགས་ཀྱི་སྐོར་གསུངས། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་ཡུ་ཊ་ཁུལ་གྱི་བོད་རིགས་མི་ཉུང་བ་ཞིག་མཉམ་ཞུགས་གནང་ཡོད། ཐེངས་འདིའི་ཚོགས་འདུ་དེ་བཞིན་ལེགས་པར་མཇུག་སྒྲིལ་ཡོད་པ་དང་། ཐེངས་རྗེས་མའི་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་ཆེན་ཨ་རིའི་བྷོ་སི་ཊོན་ (Boston) གྲོང་ཁྱེར་ནང་ཚོགས་གཏན་འཁེལ་ཡོད་པ་བཅས།།