༄༅། །ཇར་མ་ནཱིའི་ཐེབས་རྩ་ (Freidrich Naumann Stiftung) ཞེས་པས་མགྲོན་འབོད་གནང་བ་ལྟར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྟེན་གཞི་བྱས་པའི་ཝི་ལར་ཌི་རྒྱལ་སྤྱིའི་གསོལ་མགྲོན་ཁང་(Willard InterContinental Hotel) དུ་དུས་རབས་༢༡ པའི་ནང་གི་འགྱུར་འགྲོས་ཆེ་ཁག་སྐོར་གྱི་བགྲོ་གླེང་ཐོག་མཉམ་ཞུགས་གནང་ཡོད།
དེ་ཡང་བགྲོ་གླེང་གྲོལ་རྗེས་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་ཇར་མ་ནཱིའི་ར་ཡིན་ཝེ་སི་ཊི་ཧྥེ་ལི་ཡ་ (North Rhine-Westphalia) མངའ་སྡེའི་དཔལ་འབྱོར་བློན་ཆེན་སྐུ་ཞབས་པིན་ཀི་ཝར་ཊི་ (Andreas Pinkwart) མཆོག་དང་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ནས་པར་སྐྲུན་གནང་བའི་ལོ་རྒྱུས་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན། འོང་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་རྒྱའི་དཀའ་རྙོག་སེལ་བར་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་ཡིན། ཞེས་པའི་དཔེ་དེབ་ཕུལ་ཡོད།
སྐབས་དེར་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐུ་ཞབས་པིན་ཀི་ཝར་ཊི་མཆོག་གིས་རྒྱ་ནག་གཞུང་ལ་བོད་མིའི་སྒྲིག་འཛུགས་ཀྱི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་དོན་བདེན་མཐའ་གསལ་སླད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་གྲོས་མོལ་བསྐྱར་གསོ་བྱེད་དགོས་པའི་འབོད་སྐུལ་གནང་རོགས་ཞེས་རེ་སྐུལ་ཞུས་གནང་ཡོད། སྐུ་ཞབས་པིན་ཀི་ཝར་ཊི་མཆོག་གིས་དེ་ལྟར་གནང་རྒྱུའི་ཞལ་བཞེས་གནང་ཡོད།སྐུ་ཞབས་པིན་ཀི་ཝར་ཊི་མཆོག་གིས་དེ་སྔ་ཇར་མ་ནཱིའི་མུན་སི་ཊར་གཙུག་ལག་སློབ་གཉེར་ཁང་(University of Munster)ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་མྱོང་ཡོད་པ་མ་ཟད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཧ་ཅང་ཡིད་སྨོན་ཞུ་མཁན་ཞིག་ཀྱང་ཡིན། ཐེངས་འདིའི་བགྲོ་གླེང་ལས་རིམ་ལ་ཕྱི་རྒྱལ་གཞུང་ཚབ་ཁག་དང་ཚོགས་པ་ཁག་གི་སྐུ་ཚབ་གྲངས་ ༤༠ ལྷག་མཉམ་ཞུགས་གནང་ཡོད།
དུས་རབས་༢༡ པའི་ནང་གི་འགྱུར་འགྲོས་ཆེ་ཁག་སྐོར་གྱི་བགྲོ་གླེང་དེ་བཞིན་ཇར་མ་ནཱིའི་ཐེབས་རྩ་ (Freidrich Naumann Stiftung) དང་ཨ་རིའི་དེང་རབས་ཇར་མན་རིག་པའི་སློབ་གཉེར་ཁང་ (American Institute for Contemporary German Studies) གཉིས་ཀྱིས་གོ་སྒྲིག་གནང་ཡོད་པ་བཅས།།