༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༣ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༧༨ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་བཅས་ཡིན།
དེ་ཡང་དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུང་དོན། འདས་པའི་ཟླ་བ་གཅིག་ཙམ་གྱི་ནངདབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ངོས་ནས་ས་བགོས་བྱས་ཏེ་རྒྱ་གར་རྒྱལ་ཡོངས་ནང་བོད་མི་འདུས་སྡོད་ཁ་འཐོར་དང་གཞིས་ཆགས་ཁག་ཡོངས་ལ་དེ་སྔ་གནས་སྟངས་གང་བྱུང་འདུག ད་ཆ་གནས་སྟངས་ག་འདྲ་འདུག མ་འོངས་པར་ནད་རླབས་གསུམ་པ་ཞིག་སླེབ་པ་ཡིན་ན་གྲ་སྒྲིག་གང་འདུག དེ་དག་རྟོག་ཞིབ་སླད་ས་ཁུལ་ཡོངས་ལ་སྐོར་བསྐྱོད་ཕྱིན་པ་རེད། རྟོག་ཞིབ་སྐབས་མི་ཆའི་གནས་སྟངས་ག་འདྲ་འདུག དངོས་པོའི་མཐུན་རྐྱེན་གང་འདུག་རྟོག་ཞིབ་བྱས་པ་རེད། ང་ཚོའི་རུ་ཁག་གཅིག་རྒྱ་གར་བྱང་ཤར་ཁུལ་དང་། དབུས་ཀྱི་གཞིས་ཆགས་ཁག་གསུམ། ལྡི་ལི་བཅས་ལ་རྟོག་ཞིབ་བྱས་པ་རེད། དེ་བཞིན་རུ་ཁག་གཅིག་ཧི་མ་ཅཱལ་མངའ་སྡེའི་ནང་ཡོད་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་། དགོན་སྡེ། གཞིས་ཆགས་བཅས་ལ་རྟོག་ཞིབ་བྱས་པ་རེད། ཕྱོགས་མཚུངས་རུ་ཁག་གཅིག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལྔ་ལ་རྟོག་ཞིབ་བྱས་པ་རེད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་ལས་བྱེད་ཁག་གཅིག་གིས་ལ་དྭགས་ཁུལ་དུ་གཟིགས་ཞིབ་གནང་སྟེ་ཚུར་འབྱོར་ཡོད།
གནས་སྟངས་ཚང་མར་ལྟ་ཡོང་དུས་ས་གནས་ཕལ་ཆེ་བར་དེ་སྔ་དཀའ་ངལ་འཕྲད་པའང་བྱུང་འདུག་པ་དང་། ས་གནས་ཁག་གཅིག་ལ་དེ་ཙམ་དཀའ་ངལ་འཕྲད་མི་འདུག ད་ལྟའི་ཆར་ས་གནས་ཕལ་ཆེ་བར་གནས་སྟངས་བཟང་པོ་འདུག འོན་ཀྱང་མ་འོངས་པར་ནད་རླབས་གསུམ་པ་ཞིག་སླེབ་པ་ཡིན་ན། དེར་གདོང་ལེན་སླད་མི་ཆའི་གནས་སྟངས་དང་དགོས་མཁོ་ཅ་དངོས་དང་སྨན་གྱི་མཐུན་རྐྱེན་ཁག་དབུས་ནས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༨ དང་། ཕྱི་ཟླ་ ༧ ཚེས་ ༢༤ ཉིན་ལམ་སྟོན་བཏང་པ་ནང་ལྟར་ས་གནས་སོ་སོའི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ས་གནས་འགོ་འཛིན་དང་། སྨན་ཁང་འགན་འཛིན། སྨན་ཞབས་བཅས་ཀྱིས་ས་གནས་ཀྱི་མི་འབོར་ལ་དཔགས་པའི་དགོས་མཁོ་གང་ཡོད་པའི་ཐོ་གཞུང་འབྱོར་བ་བཞིན་དབུས་ནས་ས་གནས་ས་ཐོག་ལ་ཕུལ་ཟིན་པ་ལྟར། སྐོར་བསྐྱོད་སྐབས་དགོས་མཁོའི་མཐུན་རྐྱེན་མ་འདང་བའི་དཀའ་ངལ་རྩ་བ་ཉིད་ནས་མི་འདུག འོན་ཀྱང་ས་གནས་ཁ་ཤས་ལ་མི་ཆའི་མཐུན་རྐྱེན་ཡོད་ནའང་སྨན་ཞབས་པ་ཁ་ཤས་ཀྱིས་ཏོག་དབྱིབས་ནད་པ་འཐོན་པའི་སྐབས་ནང་མི་དང་སྤུན་མཆེད་ནས་ཏོག་དབྱིབས་ནད་པར་ལག་པ་རྩ་བ་ཉིད་ནས་མ་འཆང་ཞེས་བསླབ་བྱ་རྒྱག་གི་ཡོད་པ་དང་། ང་ཚོའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་འདི་ཉིད་ཧ་ཅང་ཉེན་ཚབས་ཅན་ཞིག་ཡིན་པའི་ཚོར་སྣང་ཐོག་ནས་ཁྱིམ་མཚེས་དང་སྤུན་ཉེ། ནང་མི་བཅས་ན་བ་ཡིན་ན། དེར་རོགས་པ་བྱེད་རྒྱུའི་ཚབ་ལ་གཡོལ་ཐབས་བྱས་པ་ནི་གཞན་ཕན་གྱི་སེམས་རྩ་བ་ཉིད་ནས་མེད་པ་དང་། ལྷག་པར་སོ་སོའི་ནང་མི་དང་སྤུན་མཆེད། ཁྱིམ་མཚེས་བཅས་ལ་རྒྱུན་ལྡན་ནས་མཐུན་ལམ་དགོས་ཀྱི་ཡོད་པའི་ཚོར་སྣང་དེ་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་འདུག དེ་འདྲའི་བསླབ་བྱ་བསྐྱོན་པའི་ཉེར་ལེན་ལ་བརྟེན་ནས་ས་ཁུལ་ཆུང་ཙག་ཁ་ཤས་ལ་སྨན་ཞབས་པས་མདུན་ལ་ཐོན་ནས་ཕྱག་ལས་གནང་མ་ཐུབ་པའི་གནས་སྟངས་འདུག ནད་ཡམས་སྐབས་སུ་སྨན་པ་དང་སྨན་ཞབས་པས་མདུན་དུ་ཐོན་ནས་རོགས་པ་བྱེད་ཀྱི་ཡིན་ཞེས་སློབ་སྦྱོང་གནང་བ་མ་ཟད། ཐོག་མའི་དམ་བཅའ་ཡང་ཡིན། ནད་པ་ཞིག་འབྱོར་བ་ཡིན་ན་རིགས་རུས་དབྱེ་འབྱེད་མེད་པ། སྐྱ་སེར་ཕོ་མོའི་དབྱེ་བ་མེད་པ། སོ་སོའི་དགྲ་ཡིན་ནའང་སྨན་བཅོས་བྱེད་ཀྱི་ཡིན། ཞེས་ཁས་ལེན་དམ་བཅའ་ཡོད་པའི་ཏོག་སྨན་གྱི་སློབ་སྦྱོང་གནང་བ་རེད། ཅེས་དང་།
ཕྱི་ཟླ་ ༩ ཚེས་ ༡༡ ནང་བལ་ཡུལ་དང་རྒྱ་གར་ནང་ཏོག་དབྱིབས་ནད་པ་ ༥༠ ཙམ་ལས་མེད་ནའང་ཟླ་བ་འདི་ཕྱི་ཚེས་ ༡༥ ནས་ད་བར་རྒྱ་གར་དང་བལ་ཡུལ་ནང་ནད་རྟགས་ཡོད་པའི་བོད་མི་གྲངས་ ༡༥༠ ཙམ་འདུག དེ་དག་གི་ཁོངས་ནས་མི་གྲངས་ ༨༨ ཙམ་རྡ་ས་ཁུལ་ནས་རེད་འདུག ད་ལྟའི་ཆར་གངས་སྐྱིད་དང་། ནོར་གླིང། རྡ་སྟེང་བོད་ཁྱིམ། མེ་གྷན་བཅས་ནས་ནད་པ་འཐོན་ཡོང་གི་འདུག ནད་རྟགས་ཐོན་པ་རྣམས་འགོག་དབྱེ་ཟུར་འཇོག་ཁང་དུ་སྐྱེལ་གྱི་ཡོད། ད་ཆ་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་ནད་པ་གྲངས་ ༤༠ ཙམ་ཡོད་པ་དང་། ཁོང་ཚོར་བདེ་ལེགས་སྨན་ཁང་ནས་ཞལ་ལག་དང་སྨན་པ། དེ་བཞིན་སྨན་གྱི་མཐུན་རྐྱེན་སྦྱོར་བཞིན་ཡོད། བོད་ཀྱི་སྨན་རྩིས་ཁང་ནས་བོད་སྨན་གྱི་སྨན་པ་དང་ ནད་པ་འདྲེན་འཁོར་(Ambulance) སོགས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད། ད་རེས་ནད་རྟགས་ཐོན་པའི་ཁོངས་ཕྲུ་གུ་རང་ལོ་ ༡༧ མན་མང་བ་འདུག དེ་སྔ་ཡིན་ན་ཕྲུ་གུ་ཆུང་ཆུང་ལ་ནད་རྟགས་ཐོན་པ་ཧ་ཅང་དཀོན་པོ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་མཚོན་ན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལམ་སྟོན་རབ་དང་རིམ་པ་གནང་བ་ཙམ་དུ་མ་ཟད། བཀའ་བསྡུར་རབ་དང་རིམ་པ་བྱུང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཡོངས་དང་། ལྷག་པར་རྡ་སར་གནས་སྡོད་བོད་མི་ཡོངས་ལ་ཞུ་རྒྱུར། ཟླ་བ་གཅིག་ཙམ་གྱི་རིང་ཟ་ཁང་དང་། འདུ་འཛོམས་ཆེ་ས། གློག་བརྙན་ཁང་། ཁྲོམ་ར་ཆེན་པོའི་ནང་རྩ་བ་ཉིད་ནས་མ་བསྐྱོད་རོགས། དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་རྡ་ས་ས་གནས་འགོ་འཛིན་མཉམ་འབྲེལ་ཐོག་སྐབས་སྐབས་སུ་སྐོར་བསྐྱོད་ཀྱི་འཆར་གཞི་ཞིག་སྒྲིག་བཞིན་ཡོད། ཅེས་སོགས་གསུངས།
དེ་ནས་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༩ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༡ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༡༩༥ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༣༤༡ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༥༣༦ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༥༢༨༡༣ ལ་རིན་མེད་བགོ་འགྲེམས་གནང་ཡོད། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༣ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༢ བཅས་ཀྱི་བོད་མི་གྲངས་ ༡༢༨༤ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༣༦༩༩༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། མི་གྲངས་ ༡༣༦༤༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༥༣༣ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༣༡༩༡ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༡༠༤ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༥༨ དང་། བུད་མེད་གྲངས་ ༤༦ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༥ དང་ཆུང་ཤོས་དེ་བྱིས་པ་ལོ་ ༢ ཡིན། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༤༡༨ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༦༡༢༡། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༥༠། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༡༤༧ ཡོད། ཅེས་སོགས་གསུངས།
མཐར་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་དོན། སྤྱིར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་གར་ནང་དུའང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཉུང་དུ་ཕྱིན་ཡོད། འདས་པའི་ཆུ་ཚོད་ ༢༤ ནང་ནད་རྟགས་གསར་པ་འཐོན་མཁན་མི་གྲངས་ ༣༡༩༢༣ དང་མི་གྲངས་ ༢༨༢ འདས་གྲོངས་སུ་གྱུར་ཡོད། རྩ་བའི་རྒྱ་གར་ནང་ནད་ཡམས་ཀྱི་གནས་སྟངས་ཕྲན་བུ་བཟང་དུ་འགྲོ་བཞིན་ཡོད་ནའང་འདས་པའི་བདུན་ཕྲག་གཅིག་གཉིས་ནང་བཙན་བྱོལ་བོད་མི་འདུས་སྡོད་ས་ཁུལ་དཔེར་ན་རྡ་ས་ལྟ་བུར་ནད་རྟགས་གསར་པ་འཐོན་མཁན་གྱི་གྲངས་འབོར་ཕྲན་བུ་ཇེ་མང་དུ་འགྲོ་བཞིན་འདུག་ཀྱང་སྟབས་ལེགས་པ་ཞིག་ལ་ནད་གཞི་ཕོག་མཁན་རྣམས་ཀྱི་གནས་སྟངས་ཛ་དྲག་གང་ཡང་མི་འདུག ཅེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༨ དེ་མཇུག་སྒྲིལ་གནང་ཡོད། །