༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༦ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༧༧ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་བཅས་ཡིན།
དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༣ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༥ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༨ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༥༠༤ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༤༦༥ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༩༦༩ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༥༡༩༩༨ ལ་རིན་མེད་བགོ་འགྲེམས་གནང་ཡོད། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༥ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༣ བཅས་ཀྱི་བོད་མི་གྲངས་ ༡༡༧༤ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༣༢༠༦ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། མི་གྲངས་ ༡༧༠༤༦ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༥༣༣ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༣༡༩༡ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༣༦ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༡༣ དང་། བུད་མེད་གྲངས་ ༢༣ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༨༣ དང་ཆུང་ཤོས་དེ་ལོ་ ༢ ཡིན། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༣༡༠ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༦༡༠༥། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༥༠། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༥༥ ཡོད།
མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། ད་བར་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ནད་གཞི་ཕོག་པ་མི་གྲངས་ས་ཡ་ ༢༢༥ བྱུང་ཡོད་པ་དང་། དེའི་ནང་ནས་ཨ་རི་ནི་ཚད་མཐོ་ཤོས་ཡིན། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ནད་གཞི་ཕོག་པའི་མི་གྲངས་ས་ཡ་ ༣༣ བྱུང་ཡོད་པ་དང་འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་ནང་ནད་གཞི་གསར་པ་ཕོག་པའི་མི་གྲངས་སྟོང་ཕྲག་སུམ་ཅུ་དང་ལྔ་བརྒྱ་བདུན་ཙམ་བྱུང་འདུག རྡ་ས་ཁུལ་དང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཅིག་གི་ནང་ཏོག་དབྱིབས་རིམས་འཕོག་མཁན་ཇེ་མང་དུ་འགྲོ་བཞིན་འདུག་སྟབས། ཕྱི་ལུགས་དང་བོད་ལུགས་སྨན་པར་བསྟེན་གཏུགས་དང་ལམ་སྟོན་ཞུས་པའི་ཐོག་ཟས་དང་སྤྱོད་ལམ་ཡག་པོ་བསྟེན་དགོས། ཞེས་སོགས་གསུངས།
མཐར་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་དོན། སྤྱིར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ནའང་མངའ་སྡེ་ཁག་གཅིག་གི་ནང་ནད་ཡམས་ཕོག་པའི་གྲངས་འབོར་མང་དུ་འགྲོ་བཞིན་འདུག ཕྱོགས་མཚུངས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཅིག་གི་ནང་དུའང་ནད་ཡམས་ཕོག་པའི་གྲངས་འབོར་མང་དུ་འགྲོ་བཞིན་འདུག་པར་བརྟེན་སོ་སོའི་ངོས་ནས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
གཞན་ཡང་རྒྱལ་སྤྱིའི་ཆེད་མཁས་པ་རྣམས་ཀྱིས་འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གསུམ་པ་ཞིག་ཡོང་ཉེན་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་སྟབས། ཚང་མས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༧ དེ་མཇུག་སྒྲིལ་གནང་ཡོད། །