༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༩ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༧༦ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།
དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༡༤ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༦ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༢༠ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༧༠༥ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༣༤ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༡༠༣༩ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༥༡༨༣༧ ལ་རིན་མེད་བགོ་འགྲེམས་གནང་ཡོད། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་ ༤༣ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད།
ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༣ དང་བལ་ཡུལ་ནང་གི་ས་གནས་ ༤ བཅས་ཀྱི་བོད་མི་གྲངས་ ༨༤༨ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༣༡༥༦༡ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༥༣༣ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༣༡༩༡ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༢༤ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༡ དང་། བུད་མེད་གྲངས་ ༣ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༦༧ དང་ཆུང་ཤོས་དེ་ལོ་ ༡༩ ཡིན། བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་ ༡ འདས་གྲོངས་སུ་གྱུར་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༢༧༠ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༦༠༧༡། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༥༠། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༤༩ ཡོད། ཅེས་སོགས་གསུངས།
མཐར་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན། ཉིན་ཤས་གོང་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གྲ་སྒྲིག་ཇི་ཡོད་གནས་སྟངས་རྟོག་ཞིབ་སླད་སྐོར་བསྐྱོད་བྱེད་རྒྱུའི་གོ་སྐབས་བྱུང་། མང་ཚོགས་ཁྲོད་བརྟག་དཔྱད་བྱེད་རྒྱུ་སོགས་ཀྱི་ཐད་ཞེད་སྣང་བྱེད་མཁན་མང་པོ་ཡོད་པ་མ་ཟད། ས་གནས་འགའ་ཤས་ཀྱི་ཉེ་འཁོར་དུ་སྨན་ཁང་ཆེན་པོ་མེད་པ་དང་། སྨན་ཁང་ཆེན་པོ་དེ་འདྲ་ཡོད་པ་ཡིན་ནའང་ཆུ་ཚོད་གསུམ་ནས་དྲུག་ཙམ་རིང་འགྲོ་དགོས་ཀྱི་ཡོད་སྟབས། ཁ་སྔོན་མི་མང་དང་དངོས་སུ་ཐུག་འཕྲད་སྐབས་སུའང་ལམ་སྟོན་ཞུ་རྒྱུ་བྱུང་། ཚང་མས་ནད་བརྟག་ཡོད་མེད་བརྟག་དཔྱད་ངེས་པར་དུ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ལྷག་པར་མང་ཚོགས་ངོས་ནས་ནད་ཡམས་སྔོན་འགོག་སླད་ཁ་རས་གྱོན་རྒྱུ་དང་། ལག་པ་ཡང་ཡང་བཀྲུ་རྒྱུ། བར་ཐག་གཞག་རྒྱུ་སོགས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་བསྟེན་པའི་ཐོག་སྔོན་འགོག་སྨན་ཁབ་བརྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༦ དེ་མཇུག་སྒྲིལ་གནང་ཡོད། །