༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༧༥ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་ཕྱི་ལུགས་སྨན་པ་འཇིགས་མེད་སྐལ་བཟང་ལགས་བཅས་ཡིན།
དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༡༥ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༦ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༢༡ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༨༦༦ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༤༠༧ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༡༢༧༣ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༤༦༦༩༤ ལ་རིན་མེད་བགོ་འགྲེམས་གནང་ཡོད། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་ ༣༨ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད།
ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༣ དང་བལ་ཡུལ་ནང་གི་ས་གནས་ ༤ བཅས་ཀྱི་བོད་མི་གྲངས་ ༧༥༠ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༢༩༤༡༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། མི་གྲངས་ ༢༠༣༩༡ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༦༧༣ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༣༠༨༧ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༧༡ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༤༩ དང་། བུད་མེད་གྲངས་ ༢༢ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༨༥ དང་ཆུང་ཤོས་དེ་བྱིས་པ་ལོ་ ༡ ཡིན། བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་ ༡ འདས་གྲོངས་སུ་གྱུར་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༢༤༢ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༥༩༩༠། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༤༩། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༡༠༣ ཡོད། ཅེས་སོགས་གསུངས།
མཐར་ཕྱི་ལུགས་སྨན་པ་འཇིགས་མེད་སྐལ་བཟང་ལགས་ཀྱིས་ལམ་སྟོན་གནང་དོན། ད་བར་འཛམ་གླིང་ཁྱོན་ཡོངས་ལ་མི་གྲངས་ས་ཡ་ ༢༡༨ ཙམ་ལ་ནད་གཞི་ཕོག་ཡོད། འདས་པའི་བདུན་ཕྲག་གཅིག་ནང་ཨ་རི་དང་ཡུ་རོབ། ཨོསྟྲེ་ལི་ཡཱ་བཅས་ཀྱི་ནང་ནད་གཞི་ཕོག་མཁན་གྱི་གྲངས་ཕྲན་བུ་ཉུང་དུ་ཕྱིན་འདུག རྒྱ་གར་ལ་མཚོན་ན་ཀེ་རལ་མངའ་སྡེའི་ནང་ནད་གཞི་ཕོག་པའི་གྲངས་འབོར་མང་དུ་ཕྱིན་འདུག་ཀྱང་མངའ་སྡེ་གཞན་ནང་ནད་གཞི་ཕོག་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་འདུག རྒྱ་གར་ནང་རང་ལོ་ ༡༨ ཡན་ལ་སྔོན་འགོག་སྨན་ཁབ་རིམ་པ་གཉིས་པ་རྒྱག་མུས་ཡིན་པ་ལྟར། བོད་མི་རང་ལོ་ ༡༨ ཡན་ནས་ཀྱང་སྔོན་འགོག་སྨན་ཁབ་བརྒྱག་རྒྱུར་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན། སྔོན་འགོག་སྨན་ཁབ་གཉིས་ཀར་བརྒྱབ་ཟིན་ནའང་ནད་རླབས་གསུམ་པའི་ཉེན་ཁ་ཡོད་སྟབས། ནད་ཡམས་སྔོན་འགོག་སླད་ཁ་རས་གྱོན་རྒྱུ་དང་། ལག་པ་ཡང་ཡང་བཀྲུ་རྒྱུ། བར་ཐག་གཞག་རྒྱུ་སོགས་མུ་མཐུད་གནང་རོགས། ཞེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༤ དེ་མཇུག་སྒྲིལ་གནང་ཡོད། །