༄༅། །བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢ རེས་གཟའ་ཕུར་བུ་ཉིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་རྣམས་དང་། སྲི་ཞུ་བ་དྲུང་གཞོན་ཡན་བཅས་ཚང་འཛོམས་ཐོག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༦༡ འཁོར་བའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་སྲིད་སྐྱོང་ཚོགས་ཁང་དུ་ཞབས་སོར་འཁོད་མཚམས་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བརྙན་དཔར་ཐོག་སྤྱན་འབུལ་ཞུས་པ་དང་འབྲེལ་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་མང་གཙོ་གསར་གཞས་འབུལ་ལམ་ཞུས་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་སློབ་ཕྲུག་རྣམས་ལ་ཕྱག་འཁྱེར་དང་། དེ་བཞིན་འདི་ལོའི་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་བརྒྱ་ཆ་ ༩༥ ཡན་ལོན་པའི་སློབ་ཕྲུག་རྣམས་ལ་སྲིད་སྐྱོང་གཟེངས་བསྟོད་ཕྱག་འཁྱེར་གནང་། དེ་ནས་འདི་ལོའི་སྲིད་སྐྱོང་རིགས་གཅིག་རྐང་འཛིན་ཆེད་བསྟོད་བཞེས་མཁན་སློབ་མ་རྣམ་པའི་མཚན་གཞུང་སྙན་སྒྲོན་ཞུས་རྗེས་བོད་ཀྱི་ཟློས་གར་ཚོགས་པས་མཉམ་གཞས་ཆིག་སྒྲིལ་ཞེས་པ་གཟིགས་འབུལ་ཞུས་གྲུབ་བསྟུན་དཔལ་ལྡན་སྲིད་སྐྱོང་མཚོག་གིས་ཕྱི་ལོ་ ༢༠༢༡ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་སློབ་ཚན་སྡེ་ཁག་སོ་སོའི་ནང་ནས་སྦྱངས་འབྲས་རྩེ་ཕུད་ཨང་རིམ་དང་པོ་དང་གཉིས་པ། གསུམ་པ་སོན་པའི་སློབ་ཕྲུག་རྣམས་ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་།དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པས་འཁྲབ་གཞསཆོལ་གསུམ་མི་རིགས་གསང་གསུམ་གྱི་མཛད་འཕྲིན་ཞེས་པ་གཟིགས་འབུལ་ཞུས་མཚམས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གིས་དཔར་བསྐྲུན་ཞུས་པ་སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་བོད་ཀྱི་ཁྲག་དང་མིག་ཆུའི་ལོ་རྒྱུས་ལས་བརྒྱུས་པའི་རྒྱ་ལོ་དོན་གྲུབ་ཀྱི་མི་ཚེ་ཞེས་པ་དབུ་འབྱེད་དང་། དབུས་རང་ཁོངས་ལས་བྱེད་ཞབས་ལོ་ ༢༥ ཡན་འཁོར་མཁན་ལས་བྱེད་གཅིག་ལ་ལེགས་གསོལ་ཕྱག་འཁྱེར་གནང་། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་ནང་མ་བཀྲ་ལ་ཤིས་པ་གཟིགས་འབུལ་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་ཕྱི་ལོ་ ༢༠༢༡ ལོའི་དབྱར་སྐྱིད་བརྙན་འཕྲིན་མཐེབ་སྡེར་དབུ་འབྱེད་དང་བཀའ་ཤག་གི་གསུང་བཤད་གནང་སྟེ་མང་གཙོའི་དུས་ཆེན་ཐེངས་ ༦༡ གཟབ་རྒྱས་ངང་སྲུང་བརྩི་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།