༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་བསྐྱངས་ཏེ་མི་ལོ་ ༦༡ འཁོར་བའི་གཞུང་འབྲེལ་དུས་ཆེན་སྲུང་བརྩིའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དབུས་རང་ཁོངས་ལས་བྱེད་ཞབས་ལོ་ ༢༥ ཡན་གཅིག་ལ་ལེགས་གསོའི་ཕྱག་འཁྱེར་གནང་བའི་ལོ་རྒྱུས་སྙིང་བསྡུས།
ཤེས་རིག་ལས་ཁུངས་ཀྱི་ཟུར་འཇོག་སྡེ་འགན་ཚད་མཉམ་སྐལ་བཟང་མཆོག་པ་ལགས་ནི། ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༡ ཉིན་ལས་དྲུང་ཚད་མཉམ་གནས་རིམ་ཐོག་ཤེས་རིག་འཛིན་སྐྱོང་ཚན་པར་སྣེ་ལེན་མའི་ལས་འགན་དུ་ཟླ་དྲུག་ཚོད་ལྟའི་ལས་བྱེད་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༣ ཚེས་ ༡ ནས་ལས་འགན་རང་འཇགས་ཐོག་ལས་ངོར་བསྐོ་གཞག་གནང་། ཕྱི་ལོ་ ༢༠༠༥ ལོར་སློབ་ཡོན་ཚན་པར་ནང་ཁུལ་གནས་སྤོས་ཀྱིས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཐོག་མར་དབུ་འཛུགས་གནང་སྐབས་སློབ་འཇུག་དང་འབྲེལ་བའི་ལས་དོན་དང་། ཕ་རནསི་ཨེ་ཨི་ཊི་ (France,AET) རོགས་ཚོགས་དང་ཨ་རི་བྱམས་བརྩེ་ཚོགས་པ་ནས་སློབ་ཡོན་རོགས་རམ་ཐབས་འཚོལ་དང་འབྲེལ་བའི་ལས་དོན་ཐོག་གཏན་ཉིན་སློབ་ཕྲུག་རྣམས་ལ་སློབ་ཡོན་ཆག་ཡང་ངམ་རྩ་ཆག་ཞུ་རྒྱུའི་ལས་དོན་ཞུས། ཤེས་རིག་ཁྱབ་ཁོངས་ཉམ་ཐག་ཨང་ཐོབ་ཅན་ལ་རོགས་རམ་ཐབས་འཚོལ་དང་འབྲེལ་བའི་ལས་དོན་ཐོག་གཏན་ཉིན་སློབ་ཕྲུག་རྣམས་ལ་སློབ་ཡོན་བགོ་འགྲེམས་དང་འབྲེལ་བའི་ལས་དོན་ཞུས།
ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢ ཉིན་ལས་དོའི་ཚད་མཉམ་གནས་རིམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༠ ལོར་ཤེས་རིག་རྩིས་ཁང་ཚན་པར་ནང་ཁུལ་གནས་སྤོས་ཀྱིས་དངུལ་གཉེར་གྱི་ལས་འགན་བཀོད་སྒྲིག་གནང་བ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༥ ཉིན་སྡེ་འགན་ཚད་མཉམ་གནས་རིམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༠ ནས་ད་བར་ཤེས་རིག་ལས་ཁུངས་ཀྱི་དངུལ་གཉེར་གྱི་ལས་འགན་ཞུ་དང་ཞུས་མུས་ཡིན་པ་བཅས་ད་བར་ཞབས་ལོ་ ༢༥ ཟིན་ཡོད། །