༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༥ ཉིན་ལྷ་ས་ལྷ་ཀླུ་ཁུལ་དུ་གནས་སྡོད་བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་དགུང་གྲངས་ ༧༤ ཐོག་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གྲོངས་པའི་རྒྱུ་རྐྱེན་ཅི་ཡིན་ཤེས་རྟོགས་བྱུང་ཐུབ་མེད།
ཆབ་སྲིད་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས་ཕྱི་ལོ་ ༡༩༨༩ ལོར་ལྷ་ས་གནམ་གཤིས་བརྟག་དཔྱད་ལས་ཁུངས་སུ་ཕྱག་ལས་གནང་ཞིང་། ཕྱི་ལོ་ ༡༩༩༡ ལོར་ནག་ཆུ་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱི་འགན་འཛིན་དུ་བསྐོ་གཞག་བྱས། ནག་ཆུར་བཞུགས་པའི་སྐབས་དོན་གྲུབ་རྡོ་རྗེ་ལགས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་ཡང་། ཁོང་གིས་བོད་མིར་གཞི་རྩའི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་སྐོར་ཤུགས་ཆེར་གསུངས་ཡོད། ཕྱི་ལོ་ ༡༩༩༢ ཟླ་ ༥ ཚེས་ ༡༤ ཉིན་ལྷ་ས་ཁུལ་གྱི་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་མི་སྣས་དོན་གྲུབ་རྡོ་རྗེ་ལགས་བོད་མིའི་ཐོབ་ཐང་གླེང་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་ལྷ་ས་དགུ་རྩ་དང་སི་ཐོ་རུ་བཙོན་ཁང་དུ་ལོ་གཉིས་དང་ཟླ་བ་བརྒྱད་ཙམ་བཙོན་འཇུག་བྱས་རྗེས་ཕྱི་ལོ་ ༡༩༩༥ ལོར་གློད་བཀྲོལ་བཏང་།
བཙོན་གྲོལ་ཐོབ་རྗེས་དོན་གྲུབ་རྡོ་རྗོ་ལགས་ཀྱིས་ནག་ཆུ་གནམ་གཤིས་བརྟག་དཔྱད་ལས་ཁུངས་ཀྱི་འགན་འཛིན་གྱི་ལས་གནས་སུ་བསྐྱར་དུ་བསྐོ་གཞག་དགོས་པའི་རེ་སྐུལ་བྱས་ཀྱང་བསྐོ་གཞག་བྱས་མེད། ཕྱིས་སུ་རྒྱ་གཞུང་གིས་ཁོང་ལ་མེ་ཏོག་འདེབས་ལས་ཀྱི་ལས་ཀ་ཞིག་སྤྲད། ཕྱི་ལོ་ ༡༩༩༦ ལོར་རྒྱ་གཞུང་གིས་དོན་གྲུབ་རྡོ་རྗེ་ལགས་མེ་ཏོག་འདེབས་ལས་ཀྱི་ལས་ཀ་ནས་ཕྱིར་འབུད་བཏང་ཡོད་པ་དང་། དེ་ནས་བཟུང་ཁོང་གིས་ཨར་པོའི་ལས་ཀ་གནང་དགོས་བྱུང་ཡོད།
དོན་གྲུབ་རྡོ་རྗེ་ལགས་ལ་བོད་ནང་ཁོང་གི་སྐུ་ཟླ་དང་བུ་མོ་ཆུང་བ་སྤེན་པ་སྒྲོལ་མ་ལགས་ཀྱིས་གཟིགས་སྐྱོང་གནང་ཡོད་པ་དང་། ཁོང་གི་བུ་མོ་ཆེ་བ་ཚེ་རིང་བདེ་སྐྱིད་ལགས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་རྗེས་ཆབ་སྲིད་བཙོན་ཟུར་གྱི་ལས་གཞིའི་ཁོངས་གཏོགས་ནས་ཨོ་སི་ཊི་ལི་ཡར་ཕེབས་ཡོད་པ་བཅས།།