༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༥ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིར་བོད་དང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༢༠ པའི་མཇུག་སྡོམ་མཛད་སྒོ་ཚོགས་ཡོད་པ་དང་། མཇུག་སྡོམ་མཛད་སྒོར་སྐུ་མགྲོན་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨན་ཌི་རེ་གྷ་ཊོ་ལིན་ (Andre Gattolin) མཆོག་དང་། ཐའེ་ཝན་གཞུང་ཚབ་ཆེན་མོ་ཧྥི་རན་ཁོ་སི་ཆི་ཁྲུང་ཝུ་ (Francois Chichung Wu) ལགས་དང་ཁོང་གི་ཕྱག་རོགས་ལས་བྱེད། དེ་བཞིན་གསར་འགོད་པ་སྐུ་ཞབས་པེ་རེ་ཨན་ཊོ་ནེ་(Pierre-Antoine Donnet) ལགས་དང་ཁོར་ཡུག་ཉམས་ཞིབ་པ་ཧེ་ལི་ན་སེ་རོན་ (Helina Seron) ལགས་སོགས་ཕེབས་ཡོད།སྐབས་དེར་བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་ཉེ་ཆར་རྒྱ་ནག་གཞུང་གིས་རྫ་དབོན་པོའི་སྡེ་དགོན་གཉིས་སུ་དམག་མི་འབོར་ཆེན་བཏང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་པའི་ཉེས་མིང་འོག་སེར་སྐྱ་གྲངས་ ༦༠ ཙམ་འཛིན་བཟུང་བྱས་ཏེ་སེར་ཤུལ་རྫོང་དུ་བཙན་ཁྲིད་བྱས་པ་དང་། དེ་རྗེས་སླར་ཡང་བོད་མི་གྲངས་ ༥༣ ཙམ་འཛིན་བཟུང་བྱས་ཏེ་རྫ་སྨན་དབོན་པོ་སྡེ་དགོན་གཉིས་ནས་ཁྱོན་སྐྱ་སེར་མི་གྲངས་ ༡༡༣ ཙམ་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པའི་སྐོར་གླེང་སློང་ཤུགས་ཆེ་གནང་ཡོད།དེ་བཞིན་ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་སྐབས་རྒྱ་གཞུང་གིས་ལྷ་སའི་ཁུལ་དུ་བོད་མི་དཀྱུས་མ་ཚོའི་འགྲོ་འདུག་གི་རང་དབང་ལ་དམ་དྲག་ཧ་ཅང་ཤུགས་ཆེན་པོ་བཟོས་ཡོད་པའི་སྐོར་དང་། ཉེ་ཆར་རྒྱ་གཞུང་གིས་བོད་ནང་ཏོག་དབྱིབས་གཉན་རིམས་ཁ་ལ་གཡར་ནས་ཞོ་སྟོན་དུས་ཆེན་བཀག་སྡོམ་བྱས་པ་དང་། བོད་མི་ཆབ་སྲིད་བཙོན་ཟུར་དོན་གྲུབ་རྡོ་རྗེ་ལགས་འདས་གྲོངས་སུ་གྱུར་བ་སོགས་ཀྱི་སྐོར་གསུངས།
གཞན་ཡང་ཁོང་གིས་ཕ་རན་སི་དཔེ་མཚོན་དུ་བཀོད་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་བོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་སྐོར་དང་། དེ་བཞིན་ཨ་རི་དང་། བེལ་ཇི་ཡམ། ཇར་མ་ནཱི། ནི་དར་ལེནྜ་བཅས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན་དེ་བོད་མི་ནང་པའི་ཚོགས་སྡེ་ཁོ་ན་ཡིས་ཐག་གཅོད་ཞུ་དགོས་པ་ཡོངས་གྲགས་ཀྱི་གསུངས་ཡོད་པའི་སྐོར་གསུངས། མཇུག་སྡོམ་གསུང་བཤད་སྐབས་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་བོད་མིའི་འཐབ་རྩོད་ཀྱི་འདུ་ཤེས་གསོན་པོར་གནས་རྒྱུ་ཡིན་པའི་སྐོར་གསུངས།དེ་རྗེས་ཐའེ་ཝན་གཞུང་ཚབ་ཆེན་མོ་ཧྥ་རན་ཁོ་སི་ཆི་ཁྲུང་ཝུ་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་ནང་ཆིབས་སྒྱུར་བསྐྱངས་པའི་སྐོར་དང་། བོད་དང་ཐའེ་ཝན་གཉིས་ཀྱི་འབྲེལ་བའི་སྐོར་གསུངས། གསར་འགོད་པ་སྐུ་ཞབས་པེ་རེ་ཨན་ཊོ་ནེ་ལགས་དང་ཁོར་ཡུག་ཉམས་ཞིབ་པ་ཧེ་ལི་ན་སེ་རོན་ལགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་སྐོར་གསུངས། ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨན་ཌི་རེ་གྷ་ཊོ་ལིན་མཆོག་གིས་བོད་ཀྱི་གནད་དོན་དང་ཁོར་ཡུག་གི་གལ་གནད། དེ་བཞིན་ཐའེ་ཝན་དང་ཡུ་གུར་གྱི་གནད་དོན་སྐོར་གསུངས་ཡོད།།