༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༣ ཉིན་རྒྱ་གར་གྱི་ཁྲིམས་ལུགས་ཉམས་ཞིབ་བསྟི་གནས་ཁང་ (Law and Society Alliance ) དང་། བདེ་སྲུང་ཉམས་ཞིབ་བསྟི་གནས་ཁང་ (Defence Capital) གཉིས་ཀྱི་གོ་སྒྲིག་འོག་དྲ་ལམ་བརྒྱུད་རྒྱ་ནག་དམར་ཤོག་གི་རྒྱ་སྐྱེད་རིང་ལུགས་ཀྱི་ཤུགས་རྐྱེན་སྐོར་བགྲོ་གླེང་ཚོགས་ཡོད་པ་དང་། དྲ་ཐོག་གི་བགྲོ་གླེང་ཐོག་སུད་སིའི་སྐུ་ཚབ་དོན་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་རྒྱ་ནག་ལས་དོན་ཚན་པའི་ངེས་སྟོན་པ་སྐུ་ཞབས་ཨི་ཤ་ཊི་ཀོག་བྷོར་ (IIshat Kokbore) ལགས། ལྷོ་སོག་འགྲོ་བ་མིའི་ཐོབ་ཐང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཨན་གྷེ་བྷ་ཊོ་ (Enghebatu Togochog) ལགས། རྒྱ་གར་གྱི་ཁྲིམས་ལུགས་ཉམས་ཞིབ་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་བི་པིནྡྲ་ (N.C Bipindra) ལགས། ཁེ་ན་ཌའི་དམར་ཤོག་ཁ་གཏད་མཉམ་སྦྲེལ་ཚོགས་པའི་ (Canadian Coalition Against Communism) ཚོགས་གཞོན་ལྕམ་སྐུ་ཧྲེང་ཞུའེ་ (Sheng Xue) ལགས་སོགས་མཉམ་ཞུགས་གནང་ཡོད།
བགྲོ་གླེང་ཐོག་སུད་སིའི་སྐུ་ཚབ་དོན་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱ་ནག་གིས་འདས་པའི་ལོ་ངོ་ ༦༠ རིང་བོད་ནང་དྲག་གནོན་བྱས་ཡོད་པ་མ་ཟད། བོད་པའི་བྱིས་པ་རྣམས་ལ་བོད་ཡིག་སྦྱང་དུ་འཇུག་གི་མེད་པ་དང་། བོད་མི་ཚོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བདག་གཉེར་བྱེད་དུ་འཇུག་གི་མེད་པ། བོད་མི་རྩོམ་པ་པོ་དང་། གཞས་པ་གཞས་མ། ཤེས་ཡོན་པ་སོགས་ནི་རྙོག་གྲ་བཟོ་མཁན་ལྟ་བུར་རྩི་བཞིན་པའི་སྐོར་གསུངས།
གཞན་ཡང་ཁོང་གིས་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་གྲངས་ ༡༥༥ ལྷག་གིས་བོད་མིའི་རང་དབང་དོན་དུ་རང་ལུས་མེར་སྲེག་བཏང་ཡོད་པ་དང་། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས། །