༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༩ རེས་གཟའ་ལྷག་པ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༠ ནས་ ༢༠༢༠ བར་ལོ་ངོ་བཅུའི་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པས་བོད་ཀྱི་ཁོར་ཡུག་གི་གནད་དོན་ཐོག་རྩོམ་ཡིག་སྤེལ་བ་རྣམས་ཕྱོགས་བསྒྲིགས་ཀྱིས་བོད་མིའི་བོད་ཀྱི་ཁོར་ཡུག་ཐོག་ལྟ་ཚུལ་ (Tibetan Perspectives on Tibetan’s Environment) ཞེས་པའི་དཔེ་དེབ་དང་། ཕྱི་ལོ་ ༢༠༢༠ བོད་གནས་བསྐྱར་ཞིབ་ཅེས་པའི་དུས་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་བདེ་གསལ་ལགས། དེ་བཞིན་འབྲེལ་ཡོད་ལས་བྱེད་དང་ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་དཔེ་དེབ་སྐོར་ངོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༡༨ ལོར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པ་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྐོར་བཀའ་སློབ་སྩལ་བ་རྣམས་ཕྱོགས་བསྒྲིགས་ཀྱིས་དཔེ་དེབ་ཅིག་འདོན་སྤེལ་གནང་ཡོད། སྐབས་དེར་ཚན་པའི་ངོས་ནས་དེ་སྔ་བོད་ཀྱི་ཁོར་ཡུག་སྐོར་དཔྱད་རྩོམ་དང་རྩོམ་ཡིག་སྤེལ་བ་རྣམས་ཕྱོགས་བསྒྲིགས་ཀྱིས་དཔེ་དེབ་ཅིག་པར་སྐྲུན་ཞུ་ཐུབ་ཚེ་མང་ཚོགས་ལ་ཧ་ཅང་ཐུགས་ཕན་གསོ་ངེས་ཡིན་པར་བརྟེན་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་ཁོར་ཡུག་ཚན་པས་བརྩམས་ཟིན་པའི་རྩོམ་ཡིག་རྣམས་ཕྱོགས་བསྒྲིགས་ཀྱིས་ད་ཆ་པར་སྐྲུན་ཞུས་ཐུབ་པ་བྱུང་ཡོད།དཔེ་དེབ་དེ་ཉིད་པར་སྐྲུན་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སྤྱིར་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ཡོང་གི་ཡོད་ནའང་ཁག་གཅིག་ནི་རྒྱ་ནག་གཞུང་དང་ནུབ་ཕྱོགས་པའི་ཤུགས་རྐྱེན་འོག་ནས་ཡོང་གི་ཡོད། བོད་ཀྱི་ཁོར་ཡུག་ལ་བོད་པའི་ལྟ་ཚུལ་ཇི་ལྟར་ཡིན་པ་དང་། དོན་ངོ་མ་གང་ཡིན་གསལ་པོ་ཡོང་ཆེད་བོད་པའི་རྩོམ་པ་པོ་རང་གི་ངོས་ནས་བོད་ཀྱི་ཁོར་ཡུག་ཐོག་དཔེ་དེབ་པར་སྐྲུན་ཞུ་རྒྱུ་དང་། དེབ་ནང་གི་དཔྱད་རྩོམ་གང་བརྩམས་པ་དེ་ཉིད་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དང་ནང་དོན་ངོ་མ་གསལ་ཐུབ་པ་ཙམ་མ་ཟད། གཞིས་བཞུགས་བོད་མིས་ཁོར་ཡུག་ལ་གདོང་ལེན་གནང་ཕྱོགས། བོད་མིའི་བསམ་བློ་དང་འབོད་སྒྲ་མངོན་གསལ་གདོན་རྒྱུའི་ཆེད་ཡིན། འདས་པའི་ལོ་བཅུའི་རིང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་གང་བྱུང་བ་རྣམས་དེབ་འདིའི་ནང་གསལ་ཡོད།
མ་འོངས་པར་ཉམས་ཞིབ་པ་དང་ཁོར་ཡུག་ལས་འགུལ་བ་སོགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་སྐོར་དཔྱད་རྩོམ་དང་། ལས་འགུལ་སོགས་སྤེལ་བའི་སྐབས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་འདོན་སྤེལ་གནང་བའི་དཔེ་དེབ་ལ་གཞི་བཅོལ་ཡུལ་ཞིག་ཆགས་ཐུབ་པའི་རེ་བ་ཆེན་པོ་རྒྱག་བཞིན་ཡོད། དེ་རིང་འདིར་དཔེ་དེབ་དབུ་འབྱེད་ཀྱི་ལས་རིམ་གནང་དགོས་དོན་གཙོ་བོ་ནི། ཟླ་བ་གཅིག་གི་རྗེས་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ (COP26) དེ་བཞིན་སི་ཀོ་ཌི་ལན་ཌིའི་ (Scotland) ནང་འཚོགས་གཏན་འཁེལ་ཡོད་པ་རེད། ཟླ་བ་གཅིག་གི་གོང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མཐོ་སྒང་གི་ཁོར་ཡུག་གལ་ཆེན་པོ་ཡིན་པའི་སྐོར་ངོ་སྤྲོད་གནང་རྒྱུ་དང་། ཚོགས་ཆེན་ཐོག་མཉམ་ཞུགས་གནང་མཁན་གྱི་འགོ་ཁྲིད་རྣམ་པ་ཚོར་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་སྐོར་གླེང་སློང་གནང་བའི་སྐབས་བོད་ཀྱི་ཁོར་ཡུག་གི་གནད་དོན་གཙོ་ཆེར་འཛིན་པའི་ཐོག་གླེང་སློང་གནང་དགོས་པའི་འབོད་སྐུལ་དང་དགོས་འདུན་ལྟ་བུ་ཆགས་ཀྱི་ཡོད། ཅེས་སོགས་གསུངས།དེ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་ཕྱི་ལོ་ ༢༠༢༠ བོད་གནས་བསྐྱར་ཞིབ་ཅེས་པའི་དུས་དེབ་ཀྱི་བྱུང་རིམ་སྐོར་ངོ་སྤྲོད་གནང་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དཔེ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ཕྱོགས་བསྒྲིགས་དང་། འབྲི་རྩོམ་གནང་བའི་དཔེ་དེབ་གཉིས་མང་ཚོགས་ཁྲོད་དགྲམ་རྒྱུའི་དུས་ཚོད་ཅིག་སླེབ་པ་རེད། དེབ་དང་པོ་དེ་ང་ཚོ་བོད་མིའི་ངོས་ནས་བོད་ཀྱི་ཁོར་ཡུག་གནས་བབ་སྐོར་ལྟ་སྟངས་གང་ཡོད་པ་དེ་ཚོའི་ཐོག་འདས་པའི་ལོ་ངོ་བཅུའི་རིང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཐོག་ཉམས་ཞིབ་གནང་མཁན་རྣམས་ནས་ལྗགས་རྩོམ་གནང་བ་ཁག་ཕྱོགས་བསྒྲིགས་གནང་བའི་དེབ་དེ་རེད། སྤྱིར་འཛམ་གླིང་ནང་བོད་ཀྱི་ཁོར་ཡུག་ཐོག་ཞིབ་འཇུག་གནང་མཁན་སྣ་ཚོགས་ཡོད། འོན་ཀྱང་དཀའ་ངལ་ཆེ་ཤོས་ནི་བོད་ནང་ཡུན་རིང་འགྲོ་ཐུབ་དང་མི་ཐུབ། དངོས་ཡོད་གནས་ཚུལ་མཐོང་ཐུབ་པ་དང་མི་ཐུབ་པ་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་ཇི་ཙམ་བཤད་ཐུབ་ཀྱི་ཡོད་མེད་ཀྱི་དཀའ་ངལ་ཆེན་པོ་ཞིག་ཡོད་པ་རེད། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པ་གང་ཙམ་ཡོད་པའི་ཁོངས་ནས་ཁག་གཅིག་བོད་ནས་ཕེབས་ཡོད། བོད་ནས་ཕེབས་པ་དེ་དག་གིས་བོད་མཐོང་མྱོང་ཡོད་པ་དང་། བོད་ཀྱི་ཁོར་ཡུག་གི་གནས་བབ་ག་འདྲ་ཡོད་མེད་མཐོང་མྱོང་ཡོད། ཁག་གཅིག་བཙན་བྱོལ་ནང་སྐྱེས་པར་བརྟེན་བོད་ནང་དངོས་སུ་ཕྱིན་ནས་ཉམས་ཞིབ་བྱེད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ནའང་བོད་ནས་ཕེབས་པའི་བོད་མི་དང་སྤྱི་ཡོངས་ནས་བོད་ནང་གི་ཁོར་ཡུག་གནས་སྟངས་ག་འདྲ་ཆགས་ཀྱི་ཡོད་མེད་སོགས་འབྱུང་ཁུངས་སྣ་ཚོགས་ལ་གཞི་བཅོལ་ནས་ཉམས་ཞིབ་དང་རྩོམ་འབྲི་རྒྱུ་ནི་ལས་ཀ་ལས་སླ་པོ་ཞིག་མ་རེད། ལྷག་པར་བོད་ནང་གི་གནད་དོན་ཐོག་གནས་ཚུལ་ཁུངས་ལྡན་གཞི་བཅོལ་རྒྱུ་སོགས་གང་ཅིའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྟ་ས་དེ་བོད་མི་རང་གིས་བརྩམས་པའི་གནད་དོན་དེ་དག་གཞི་རྩ་བཞག་ས་གཙོ་བོ་ཆགས་ཡོད།
གོང་དུ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། དཔེ་དེབ་འདི་བོད་མི་རང་གིས་བོད་ནང་གི་ཁོར་ཡུག་གནས་སྟངས་ལ་ཞིབ་འཇུག་གནང་བའི་གྲུབ་འབྲས་ཤིག་ཆགས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་ནང་གི་ཁོར་ཡུག་གནས་སྟངས་ལ་དཔྱད་པ་དང་ཉམས་ཞིབ་སླད་དེབ་འདི་གཞི་འཛིན་སའི་དེབ་ཅིག་ཆགས་ཀྱི་ཡོད། ཅེས་གསུངས་པ་ནང་ལྟར། དེབ་འདི་པར་འགྲེམས་རྗེས་རྒྱལ་སྤྱིའི་ནང་ཁོར་ཡུག་ལ་ཐུགས་སྣང་གནང་མཁན་ཚོས་བོད་ཀྱི་ཁོར་ཡུག་གནས་བབ་འདི་ཇི་ཙམ་གལ་ཆེན་པོ་ཡིན་པ་དང་། གལ་ཏེ་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་བྱུང་ཚེ་བོད་ཙམ་དུ་མ་ཟད་ཁྱིམ་མཚེས་རྒྱལ་ཁབ་མང་དག་ཅིག་ལ་གནོད་སྐྱོན་ཇི་ལྟར་འགྲོ་གི་ཡོད་པ་དེ་དག་ཤེས་པའི་ཐོག་ནས་རྒྱལ་སྤྱི་ཁྱོན་ཡོངས་ནས་སྲིད་བྱུས་ག་འདྲ་འཛིན་དགོས་མིན་དགོངས་པ་བཞེས་རྒྱུ་རེད། ཟླ་བ་འདིའི་ནང་དེབ་འདི་པར་འགྲེམས་གནང་དགོས་དོན་ནི། ཟླ་བ་རྗེས་མར་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་འདུ་སི་ཁོ་ཊི་ལན་ཌིའི་གྷི་ལ་སི་གྷོ་ (Glasgow) གྲོང་ཁྱེར་ནང་འཚོགས་རྒྱུ་ཡིན་སྟབས། དེ་དང་བསྟུན་ཏེ་ད་ལྟ་ནས་དེབ་བཀྲམ་ཐུབ་པ་ཡིན་ན། ཁོར་ཡུག་ལ་ཐུགས་སྣང་གནང་མཁན་ཚོས་གཟིགས་རྒྱུ་ཡོད་པ་ཞིག་དང་། ཚོགས་ཆེན་སྐབས་དེ་དང་འབྲེལ་བའི་གནས་ཚུལ་རིགས་ཡོད་ན་གཟིགས་ས་ཡོད་པའི་གནས་བབ་སྐྲུན་སླད་ཟླ་བ་གཅིག་གི་སྔོན་ནས་པར་འགྲེམས་གནང་རྒྱུ་ཐུགས་ཐག་བཅད་པ་རེད། COP26 ཞེས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཆེ་ཤོས་དེ་ཆགས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སི་ཁོ་ཊི་ལན་ཌིའི་གྷི་ལ་སི་གྷོ་གྲོང་ཁྱེར་དུ་ཕེབས་ཀྱི་ཡོད་པ་རེད། དེ་བཞིན་བོད་མིའི་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཁོར་ཡུག་ཐོག་ལས་དོན་གནང་མཁན་བོད་མི་ཁག་གཅིག་ཀྱང་ཚོགས་ཆེན་དུ་བཅར་གྱི་ཡོད་པ་རེད།
བོད་ཀྱི་ཁོར་ཡུག་གིས་ཁྱིམ་མཚེས་རྒྱལ་ཁབ་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་དང་གནོད་ཚེ་ཤུགས་ཆེན་པོ་ཞིག་ཕོག་པ་ཡིན་ན་དེའི་མཇུག་འབྲས་ག་འདྲ་ཡོང་གི་ཡོད་མེད་མང་ཆེ་བས་ཤེས་ཀྱི་ཡོད་པ་རེད། ད་ལྟའི་སྐབས་སུ་རྒྱ་ནག་གིས་རྒྱལ་སྤྱིའི་གནས་ཚུལ་མ་ཆགས་བའི་ཆེད་དུ་བོད་ནང་ཁོར་ཡུག་གི་ལས་དོན་ཤུགས་ཆེ་སྤེལ་གྱི་ཡོད་པའི་གནས་སྟངས་འགྲེལ་བརྗོད་བྱེད་བཞིན་ཡོད་ནའང་དེས་འདང་ངེས་ཤིག་ཡོང་གི་མེད་པ་ཧ་ཅང་གསལ་པོ་རེད།
བོད་ཀྱི་ཁོར་ཡུག་སྐོར་གྱི་དེབ་འདི་གལ་ཆེན་པོ་ཆགས་ཀྱི་ཡོད། དེབ་འདི་ཕྱི་རྒྱལ་མི་རིགས་དང་གཞུང་། ཁོར་ཡུག་ལ་ཐུགས་སྣང་གནང་མཁན་ཁོ་ནའི་སླད་པར་སྐྲུན་གནང་བ་ཞིག་ཆགས་ཀྱི་མེད། དེབ་འདི་རྒྱལ་སྤྱིའི་སྤྱི་ཚོགས་ནས་ལྟ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ཙམ་མ་ཟད། བཙན་བྱོལ་ནང་གི་བོད་མི་ཡིན་ནའང་དེབ་འདིའི་ནང་དོན་རྩོམ་རེ་རེ་བཞིན་ཞིབ་ཚགས་པོ་ལྟ་ཀློག་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད།
དཔེ་དེབ་འདི་ཕྱི་ལོ་ ༢༠༢༠ ལོར་བོད་དང་འབྲེལ་བའི་རྒྱ་ནག་གཞུང་གིས་སྲིད་བྱུས་འཛིན་སྟངས་སྐོར་དང་། ལོ་གཅིག་གི་ནང་བོད་ནང་གནས་ཚུལ་ཆེ་ཁག་གང་དང་གང་བྱུང་པ་དེ་དག་ཕྱོགས་བསྒྲིགས་གནང་སྟེ་པར་སྐྲུན་གནང་བ་དེའི་ནང་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སྐོར་འཁོད་ཡོད། ད་ལྟའི་སྐབས་སུ་རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུས་འཛིན་སྟངས་དེ་དག་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་གཏང་རྒྱུ་རང་མ་གཏོགས་བོད་མི་རིགས་ཀྱི་མངོན་འདོད་ལ་བསམ་ཤེས་བྱས་ནས་བཅོས་ཐབས་བྱེད་རྒྱུ་དང་གནས་སྟངས་བཟང་དུ་གཏང་རྒྱུ། རྒྱ་ནག་གཞུང་དང་བོད་མི་རིགས་ལ་ཕན་པའི་སྲིད་བྱུས་ད་བར་འཛིན་གྱི་མེད་པ་གསལ་པོ་རེད།
ད་ལྟའི་བཀའ་ཤག་གིས་བོད་ནང་གི་གནས་ཚུལ་ཞིབ་འཇུག་བྱེད་རྒྱུ་ནི་ལས་འགན་ནང་ནས་གཙོ་བོ་ཞིག་དང་། ཞིབ་འཇུག་ཚད་ལྡན་བྱས་པ་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ནང་གི་དངོས་ཡོད་གནས་ཚུལ་གང་ཡིན་པ་ར་འཕྲོད་ཐུབ་པ་ཞིག་བྱེད་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་པར་བརྟེན་དེ་སྔ་ལས་ལྷག་བོད་ནང་གི་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་བྱེད་རྒྱུ་ནི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
མཐར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་བ་བཅས། །