༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༤ རེས་གཟའ་པ་སངས་ཉིན་རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་དཔལ་ལྡན་བཀའ་ཤག་ནས་རྒྱ་གར་གྲོས་ཚོགས་འོག་མའི་ཚོད་དཔག་ཚོགས་ཆུང་གི་སྐུ་ཚབ་བཞུགས་སྒར་རྡ་སར་ཕེབས་པར་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ ཙམ་ལ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་པི་པི་ཅོ་དི་རི་ (P. P. Chaudhary) ལགས་ཀྱིས་སྣེ་ཁྲིད་པའི་རྒྱ་གར་གྲོས་ཚོགས་འོག་མའི་ཚོད་དཔག་ཚོགས་ཆུང་གི་སྐུ་ཚབ་གྲོས་ཚོགས་འཐུས་མི་གྲངས་བརྒྱད་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་ཅན་སྐྱིད་གཤོངས་སུ་ཕེབས་སྐབས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་གནང་སྟེ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་འཁྲིད་གནང་རྗེས་སྲིད་སྐྱོང་ཚོགས་ཁང་ནང་ཆེད་ཕེབས་ཀྱི་ཐོག་མར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་དོན། རྣམ་པ་ཚོ་བཞུགས་སྒར་རྡ་སར་ཕེབས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན། རྣམ་པ་ཚོས་མཁྱེན་གསལ་ལྟར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་སུ་རིར་ལོ་གཅིག་རིང་བཞུགས་བཞག་མཛད་རྗེས་ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་ད་བར་བཞུགས་སྒར་རྡ་སར་བཞུགས་བཞག་མཛད་ཡོད།འདས་པའི་ལོ་རྒྱུས་ནང་བོད་མིར་དཀང་ངལ་ཧ་ཅང་འཕྲད་བཞིན་པའི་སྐབས་དང་། ལྷག་པར་ང་ཚོ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བའི་སྐབས་རྒྱ་གར་གྱི་སྲིད་བློན་དམ་པ་ཇཝཱ་ཧར་ལལ་ནེ་རུ་མཆོག་ནས་དབུ་བཙུགས་ཏེ་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་མིར་སྡོད་གནས་སོགས་ཀྱི་མཐུན་འགྱུར་རྒྱ་ཆེ་གནང་ཡོད་པ་མ་ཟད། རྒྱ་གར་གྲོས་ཚོགས་ནང་དུའང་གཞུང་འཛིན་དང་ཕྱོགས་འགལ་ཆབ་སྲིད་ཚོགས་པ་ཚང་མས་བོད་དོན་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད། དེ་བཞིན་ཨ་རིར་མཚོན་ནའང་མང་གཙོ་ཆབ་སྲིད་ཚོགས་པ་དང་སྤྱི་མཐུན་ཆབ་སྲིད་ཚོགས་པ་ཐུན་མོང་གིས་བོད་དོན་སླད་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། ཨ་རིའི་གྲོས་གོང་འོག་གཉིས་ནས་ཀྱང་བོད་དོན་ཆེད་དུ་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད།གལ་ཏེ་རྒྱ་གར་དང་ཨ་རིའི་གཞུང་གིས་དེ་ལྟར་རྒྱབ་སྐྱོར་གནང་མེད་ཚེ་ང་ཚོའི་གནས་སྟངས་ད་ལྟ་ནང་བཞིན་ཡོང་དཀའ། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་ཞུས་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པར་ལེགས་གསོལ་ཕྱག་རྟགས་གནང་ཡོད། སྐབས་དེར་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་པི་པི་ཅོ་དེ་རི་ལགས་ཀྱིས་རྒྱ་གར་གཞུང་ནས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པར་མི་ཉམས་རྒྱུན་འཛིན་སླད་མཐུན་འགྱུར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་སྐོར་གསུངས་པ་དང་འབྲེལ། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པར་བརྟེན་མང་གཙོའི་གཞུང་དང་སྒྲིག་འཛུགས་ལ་མཐུན་འགྱུར་དང་རྒྱབ་སྐྱོར་གནང་རྒྱུ་ནི་ང་ཚོའི་ལས་འགན་གཙོ་བོ་ཞིག་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །