༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༧ སྔ་དྲོ་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་དྲུང་དུ་བཅར་ནས་ཐོག་མར་བོད་ལུགས་དཀར་གཙང་མཇལ་དར་དང་མཎྜལ་རྟེན་དོད་ཕུལ་རྗེས། དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ལས་ཁུངས་ཀྱི་ལས་དོན་དང་། དོན་གཅོད་རིམ་པ། དོན་གཅོད་ལས་ཁུངས་ནས་འདོན་སྤེལ་ཞུ་བཞིན་པའི་ཀུན་གསལ་འོད་སྣང་ཞེས་པའི་ཟླ་གསུམ་དུས་དེབ་དང་། ༸གོང་ས་མཆོག་གི་བཀའ་སློབ་དེབ་ཕྲེང་། གངས་ལྗོངས་དཔེ་སྐྲུན་ཁང་གི་མིང་ཐོག་ནས་པར་སྐྲུན་ཞུས་པའི་བོད་དོན་སྐོར་གྱི་གངས་ལྗོངས་དེབ་ཕྲེང་འགྲེམས་སྤེལ་སོགས་ལས་དོན་སྙིང་བསྡུས་སྙན་སེང་དང་སྦྲགས་གངས་ལྗོངས་དེབ་ཕྲེང་འགའ་ཤས་སྤྱན་བསྟར་དང་འབུལ་ལམ་ཞུས། འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་བཀའ་སློབ་གནང་བ་དང་། རིན་པོ་ཆེ་གང་ཉིད་ཀྱིས་མཛད་པའི་ལྗགས་རྩོམ་དང་རྩོམ་སྒྱུར་གནང་བའི་ཕྱག་དེབ་ངོ་སྤྲོད་གནང་བ་མ་ཟད། དེ་སྔ་ཐའེ་ཝན་གཞུང་གི་འགྲེམས་སྟོན་ཁང་ནང་བཞུགས་པའི་ཆིང་གོང་མ་ཁཱང་ཞི་སྐབས་ཀྱི་བོད་ཡིག་བྲིས་མ་རྒྱལ་བའི་བཀའ་འགྱུར་ཆེན་མོ་དེ་དག་ཐའེ་ཝན་སྲིད་འཛིན་མཆོག་ལ་ཞུས་ཏེ་གསེར་བྲིས་པར་སྐྲུན་འགྲེམས་སྤེལ་གནང་བའི་བརྒྱུད་རིམ་སོགས་ངོ་སྤྲོད་གནང་བ་དང་། རིན་པོ་ཆེ་གང་ཉིད་ཀྱིས་མཛད་པའི་ཕྱག་དེབ་བཅས་ཀྱང་གསོལ་སྩལ་གནང་།
མཐའ་མ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཕྱི་ཟླ་བཅུ་གཉིས་པའི་ནང་ཐའེ་ཝན་ཞོན་ཙང་གཙུག་ལག་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་ཐོག་ཚད་མ་རིག་པ་དང་། རིགས་ལམ་གྱི་རྣམ་གཞག་སྐོར་བགྲོ་གླེང་ཚོགས་འདུ་དང་དེ་འབྲེལ་གྱི་འགྲེམས་སྟོན། རྒྱ་སྐད་ཐོག་རིགས་ལམ་རྩོད་རྒྱུ་སོགས་མ་འོངས་ལས་འགུལ་སྤེལ་འཆར་སྐོར་སྙན་སེང་ཞུས།གཞན་ཡང་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ཐའེ་ཝན་གྱི་ཆོས་ཚོགས་ནང་དཔལ་ཇོ་ནང་རྒྱལ་ཚབ་ཆོས་རྗེ་སྣང་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྐུ་ཚབ་དོན་གཅོད་དང་དྲུང་ཆེ། ཆོས་དགེ་བཅས་གདན་འདྲེན་ཞུས་ཏེ། ཆོས་བརྒྱུད་རིས་མེད་འཛམ་གླིང་ཞི་བདེའི་བཀའ་ཆོས་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་དད་ལྡན་ཐའེ་ཝན་མང་ཚོགས་ལ་ཤེས་རབ་སྙིང་པོ་བཀའ་ཆོས་བཀའ་དྲིན་སྩལ་གནང་བའི་མཇུག་བསྡོམས་ཚོགས་འདུ་ཞིག་གོ་སྒྲིག་གནང་སྟེ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་མགོན་པོ་རིན་པོ་ཆེ་དང་། འཆི་མེད་རྡོ་རྗེ་རིན་པོ་ཆེ། དགེ་བཤེས་འཕྲིན་ལས་རྒྱ་མཚོ་བཅས་ནས་ལས་བསྡོམས་དང་བོད་རྒྱ་ཡིག་རིགས་གཉིས་ཐོག་ནས་རྩིས་ཁྲ་ཁམས་དྭངས་རེ་རེ་བཞིན་སྙན་སྒྲོན་ཞུས།
དེ་རྗེས་དཔལ་ཇོ་ནང་རྒྱལ་ཚབ་ཆོས་རྗེ་སྣང་བ་རིན་པོ་ཆེ་མཆོག་དང་། སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་གཉིས་ནས་ཀྱང་བླང་དོར་གྱི་བཀའ་སློབ་གནང་བ་དང་། ད་ཐེངས་གོ་སྒྲིག་ཚོགས་ཆུང་ནང་དངོས་སུ་མཉམ་ཞུགས་གནང་མཁན་རིས་མེད་ཆོས་ཚོགས་ཁག་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་བསྟོད་ཕྱག་འཁྱེར་ཡང་ཕུལ་ཡོད་པ་བཅས། །