༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༥ ཉིན་ཨ་མདོ་རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་རྭ་ཚེ་རིང་དོན་གྲུབ་ལགས་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ནང་འདས་གྲོངས་སུ་གྱུར་ཡོད་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་གཅིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། སྨྱུག་མིང་ལ་ཤིང་ལོ་དམར་པོ་ཞེས་པའི་ན་གཞོན་སྙན་ངག་པ་རྭ་ཚེ་རིང་དོན་གྲུབ་ལགས་ཀྱིས་ཕྱི་ལོ་ ༢༠༠༨ ལོའི་རྗེས་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་དཔེ་དེབ་གསོན་མིག་རྩོམ་སྒྲིག་དང་དཔར་བསྐྲུན་བྱས་བའི་ཉེས་མིང་འོག་ཕྱི་ལོ་ ༢༠༡༠ ལོའི་ཕྱི་ཟླ་ ༢ པའི་ནང་རྒྱ་ནག་གཞུང་གི་ཉེན་རྟོག་པས་འབར་ཁམས་ནས་འཛིན་བཟུང་བྱས་ཏེ་མེན་ཡཱང་བཙོན་ཁང་དུ་ལོ་གསུམ་རིང་བཙོན་འཇུག་བྱས་ཏེ་ཕྱི་ལོ་ ༢༠༡༣ ལོར་བཙོན་གྲོལ་ཐོབ་ཡོད་ཀྱང་། སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་མེད་པར་གྱུར་བ་དང་། ལྷག་པར་མཆིན་པ་ནད་མནར་གྱི་རྐྱེན་པས་ཡུན་རིང་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་གྱུར་ཡོད།
གསོན་མིག་དུས་དེབ་ནང་ཁོང་གིས་བརྗེད་མི་ཐུབ་པའི་སྐད་ཆ་ཞིག་དང་དེ་འབྲེལ་གྱི་དྲན་ཚུལ་ཕྲན་བུ་དང་། འཇིགས་རུང་གི་མནར་གཅོད། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ། མི་མང་སྲིད་གཞུང་སོགས་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོད་བརྗོད་སོགས་ཀྱི་རྩོམ་ཡིག་སྤེལ་ཡོད་པ་མ་ཟད། བཙོན་གྲོལ་བྱུང་རྗེས་མུ་མཐུད་ལྟ་རྟོགས་ཡོད་མིན་ལ་མ་བལྟོས་པར་ཁོང་གིས་བཙོན་ཁང་ནས་བྲིས་བའི་རྩོམ་ཡིག་གིས་གཙོས་རྔུལ་ཁྲག་ཞེས་བའི་རྩོམ་དེབ་ཅིག་ཀྱང་རྩོམ་བྲིས་དང་པར་སྐྲུན་གནང་ཡོད་འདུག་པ་བཅས། །