༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༥ ཉིན་ཨོསྟྲེ་ལི་ཡཱ་ཕྱི་སྲིད་བློན་ཆེན་ལྕམ་སྐུ་མེ་རིསེ་པཱེན་ (Marise Payne) མཆོག་གིས་ཨོསྟྲེ་ལི་ཡཱ་གཞུང་ནས་རྒྱལ་སྤྱིའི་ཐུགས་ཁུར་གནང་སའི་ཁྲིམས་འགལ་ནག་ཉེས་ཅན་ཚོར་དམིགས་ཏེ་རྒྱལ་ཁབ་ཀྱི་རང་དབང་གི་བཀའ་བཅད་ཀྱི་ཁྲིམས་བསྐྱར་བཅོས་དང་། དེང་རབས་ཅན་དུ་སྒྱུར་རྒྱུ་ཡིན་ཞེས་གསལ་བསྒྲགས་གནང་ཡོད།
བཀའ་བཅད་གཏོང་སའི་ཁྲིམས་དེའི་འོག་གཏོར་སྐྱོན་ཚབས་ཆེན་གཏོང་མཁན་གྱི་མཚོན་ཆ་འཕེལ་རྒྱས་གཏོང་མཁན་དང་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཚབས་ཆེན་གཏོང་མཁན། ངན་སེམས་ངང་དྲ་རྒྱ་བེད་སྤྱོད་བྱེད་མཁན། ཚབས་ཆེན་ལྐོག་ཟ་རུལ་སུངས་བྱེད་མཁན་བཅས་ཚུད་ཡོད།
དེ་ཡང་ཨོསྟྲེ་ལི་ཡཱ་ཕྱི་སྲིད་བློན་ཆེན་མཆོག་གིས། ཁྲིམས་གཞི་གསར་པ་དེས་ཨོསྟྲེ་ལི་ཡཱ་ལ་བཀའ་བཅད་གཏོང་འོས་པའི་གནད་དོན་ནམ་བྱུང་ལ་དེའི་ཐོག་དངུལ་དང་འབྲེལ་བའི་བཀའ་བཅད་གཏོང་རྒྱུ་དང་། མི་སྒེར་དང་ཚོགས་པ་སོགས་ལ་འགྲུལ་བཞུད་བཀག་སྡོམ་བྱེད་རྒྱུའི་གདམ་ག་སྤྲོད་སྲིད་ཅེས་གསུངས།
བཀའ་བཅད་ཀྱི་ཁྲིམས་གསར་པ་གཏན་འབེབས་བྱས་པ་དེའི་ཐོག་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་ལགས་ཀྱིས་གསུང་དོན། ཨོསྟྲེ་ལི་ཡཱ་གཞུང་གིས་ཨ་རི་དང་། ཁེ་ན་ཌ། མང་གཙོའི་རྒྱལ་ཁབ། དེ་བཞིན་རང་དབང་ལ་དགའ་བའི་རྒྱལ་ཁབ་ལྟ་བུ་བཞིན་མེག་ནི་སི་ཀི་དང་འདྲ་བའི་ཁྲིམས་ (Magnitsky-style law) གཏན་འབེབས་གནང་བ་དེ་ནི་དགའ་བསུ་འོས་པ་ཞིག་ཡིན། དེས་རྒྱ་ནག་དམར་ཤོག་ཚོགས་པ་ལྟ་བུ་མི་གཅིག་དབང་སྒྱུར་རིང་ལུགས་པ་དག་ལ་ནུས་ལྡན་གྱི་བརྡ་ལན་གསལ་པོ་ཞིག་བཏང་ཡོད། ཅེས་གསུངས། །