༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༣༠ རེས་གཟའ་ཟླ་བ་ཉིན་སྤྲོད་དཔང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་དབུ་བཞུགས་ཐོག་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་རྙིང་པ་ཀརྨ་བསྟན་འཛིན་ལགས་ཀྱིས་དྲུང་ཆེ་གསར་པ་ཟླ་བ་ཚེ་རིང་ལགས་ལ་དོན་གཅོད་ཁང་གི་དྲུང་ཆེའི་ལས་ཁུར་རྩིས་སྤྲོད་གནང་ཡོད།
དེ་ཡང་དྲུང་ཆེ་རྙིང་པ་ཀརྨ་བསྟན་འཛིན་ལགས་ཀྱིས་ཨུ་རུ་སུ་སྐུ་ཚབ་དོན་གཅོད་ཁང་དུ་ལོ་ ༥ དང་ཟླ་བ་ ༨ རིང་དྲུང་ཆེའི་འགན་བཞེས་ཡོད་པ་དང་། ལས་ཁུར་རྩིས་སྤྲོད་སྐབས་ཁོང་གིས། དེ་སྔ་རང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མིན་ཡང་། འདས་པའི་ལོ་འགའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཤིག་ཐོབ་བྱུང་། དོན་ཁང་གི་དྲུང་ཆེའི་ལས་ཁུར་ཞུ་ཡུན་རིང་ང་ཚོའི་འཐབ་རྩོད་དང་ལས་འགུལ་ཐད་རང་ཉིད་ཀྱི་ལྟ་ཚུལ་རྒྱ་ཆེ་རུ་ཕྱིན་སོང་ལ། བོད་མིའི་སྒྲིག་འཛུགས་ཀྱི་འཆར་སྣང་དང་ལྷག་པར་གཉིས་སྨན་དབུ་མིའི་ལམ་གྱི་སྲིད་བྱུས་སྐོར་མང་པོ་ཞིག་སྦྱང་རྒྱུ་བྱུང་། ཞབས་འདེགས་ཞུས་པའི་དུས་ཡུན་དེ་དག་ངས་དུས་རྟག་ཏུ་གཙིགས་ཆེར་འཛིན་རྒྱུ་ཡིན་པ་མ་ཟད། བོད་མི་ཞིག་ཡིན་པའི་ཆ་ནས་མུ་མཐུད་ཞབས་འདེགས་བསྒྲུབ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན་ཞེས་གསུངས།
དྲུང་ཆེ་གསར་པ་ཟླ་བ་ཚེ་རིང་ལགས་ནི། དེ་སྔ་མོ་སི་ཁོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་དང་། ཚོགས་གཙོ་གནང་མྱོང་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ནས་བཟུང་ཁོང་གིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ (Central Council of Tibetan Medicine) ཀྱི་ས་གནས་འབྲེལ་མཐུད་པ་གནང་བཞིན་ཡོད། དྲུང་ཆེ་གསར་པ་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་དོན། ང་ལ་ཐོག་མར་ལས་ཀ་རྒྱུས་སྟོན་བྱེད་པའི་སྐབས་ལས་ཀ་དེའི་འགན་འཁྲི་དང་ལྷག་པར་དོན་གཅོད་ཁང་གི་ལས་དོན་ལ་ཧང་སང་སོང་། དང་ཐོག་ང་རང་ཅུང་སེམས་ཚབས་བྱུང་། འོན་ཀྱང་ཀརྨ་བསྟན་འཛིན་ལགས་ཀྱིས་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་བ་དེས་ཡིད་ཆེས་ཇེ་ཆེར་སྤེལ་སོང་བ་མ་ཟད། ཏེ་ལོ་རིན་པོ་ཆེ་དོན་གཅོད་གནང་བཞིན་ཡོད་པ་དེས་རང་ཉིད་ལ་དེ་ལས་ཡིད་ཆེས་ཆེ་བ་བྱུང་། གོ་སྐབས་འདི་ལྟ་བུ་ཐོབ་པར་ང་རང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས། །