༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༢ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་དྲ་ལམ་བརྒྱུད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དུ་ཞབས་འདེགས་རླབས་ཆེན་བསྒྲུབས་གནང་མཛད་པའི་བཀའ་དྲིན་རྗེས་དྲན་གྱི་ཚོགས་འདུ་ཞིག་ཚོགས་ཡོད།
དེ་ཡང་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སློབ་དཔོན་སྐུ་ཞབས་ཨ་ནྣཏ་ཀུ་མར་ (Prof. Anand Kumar) ལགས་ཀྱིས་དྲ་ཐོག་གི་ཚོགས་འདུའི་སྟེང་ཕེབས་བསུའི་གསུང་བཤད་གནང་ཡོད། སྐབས་དེར་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྤྱི་དང་ལྷག་པར་རྒྱ་གར་ནང་ཞབས་འདེགས་རླབས་ཆེན་བསྒྲུབས་གནང་མཛད་ཡོད་པ་མ་ཟད། རྒྱ་གར་གནའ་བོའི་དཔལ་ནཱ་ལེནྡྲའི་རིག་གཞུང་བསྐྱར་གསོ་དང་། འཚེ་མེད་ཞི་བའི་ལྟ་གྲུབ། བྱམས་བརྩེ། འགྲོ་བ་མིའི་རིན་ཐང་། ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་ཀྱི་ཐད་ཞབས་འདེགས་རླབས་ཆེན་བསྒྲུབས་གནང་མཛད་ཡོད་པ་སོགས་ཀྱི་སྐོར་གསུངས།ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་སྐུ་ཞབས་ཨཅཱརྱ་རོ་ཤན་ལཱལ་ནེ་གི་ (Acharya Roshan Lal Negi) ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གནའ་བོའི་དཔལ་ནཱ་ལེནྡྲའི་རིག་གཞུང་བསྐྱར་གསོའི་ཆེད་དུ་ཞབས་འདེགས་རླབས་ཆེན་བསྒྲུབས་གནང་མཛད་ཡོད་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་ཡོངས་དང་། ལྷག་པར་ཧི་མཱ་ལ་ཡ་རི་རྒྱུད་དུ་ནང་བསྟན་རིག་གཞུང་སློབ་གཉེར་བསྟི་གནས་ཁང་མང་པོ་དར་ཡོད། ཅེས་དང་། དེང་སང་འཛམ་གླིང་ནང་མི་ཚང་མས་ཞི་བདེ་འཚོལ་བཞིན་ཡོད། མཐར་ཐུག་གི་ཞི་བདེ་འབྱུང་ཁུངས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རེད། ཅེས་གསུངས།བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ལ་དྭགས་ལྡུམ་ར་ནས་དྲ་ཐོག་གི་ཚོགས་འདུར་མཉམ་ཞུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནམ་རྒྱུན་ངོས་རང་རྒྱ་གར་གྱི་བུ་ཡིན། ཞེས་བཀའ་སློབ་ཕེབས་པ་དེ་ཕྱིར་དྲན་ཞུས་པ་དང་སྦྲགས་༸སྐུའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གསུངས་ཡོད།
ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་སྐོར་གསུངས་ཡོད། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པས་དྲ་ཐོག་གི་ཚོགས་འདུ་གོ་སྒྲིག་གནང་བ་དང་། ཚོགས་མི་ཡོངས་ནས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བཞིན་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས།།