༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༥ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Tibet Initiative Deutschland) ཞེས་པས་གོ་སྒྲིག་ཞུས་དོན་ལྟར། བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་སྒྲུབ་ཐུབ་པའི་ནུས་པ་ (Tibetan Culture and Its Potential to Contribute to Peace) ཞེས་པའི་བརྗོད་གཞིའི་སྐོར་བཀའ་སློབ་སྩལ་ཡོད།
དེ་ཡང་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་བསྟན་འཛིན་ (Tenzyn Zochbauer) ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། འཇར་མན་གྱི་གྲོགས་པོ་ཚོ་དང་ལྷན་དུ་གྲོས་བསྡུར་བྱ་རྒྱུའི་གོ་སྐབས་བྱུང་བར་ངོས་རང་དངོས་གནས་དྲང་གནས་ཧ་ཅང་དགའ་པོ་བྱུང་། ངོས་རང་བྱིས་པ་ཡིན་པའི་སྐབས་ནས་བཟུང་འཇར་མན་ངོས་ཀྱི་སེམས་ནང་ཉེ་པོར་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཟུང་དུ་འབྲེལ་ནས་འཇར་མན་ལ་དམག་བརྒྱབ་ཡོད།
ངོས་ལ་འཇར་མན་ནིར་དམིགས་བསལ་གྱི་ཚོར་བ་ཡོད། བོད་ནང་སྐུ་ཞབས་པེ་ཊར་ཨོ་སི་ཆི་ནེ་ཊར་ (Peter Aufschnaiter) ལགས་དང་སྐུ་ཞབས་ཧེན་རིག་ཧེ་ར་ (Heinrich Harrer) ལགས་ལ་འཇར་མན་ཞེས་འབོད་ཀྱི་ཡོད། ངོས་རང་སྒེར་གྱི་ངོས་ནས་སྐུ་ཞབས་པེ་ཊར་ཨོ་སི་ཆི་ནེ་ཊར་ལགས་དང་དམིགས་བསལ་འབྲེལ་བ་མེད། འོན་ཀྱང་སྐུ་ཞབས་ཧེན་རིག་ཧེ་ར་ལགས་ངོས་ཀྱི་ཧ་ཅང་བློ་ཐག་ཉེ་བའི་གྲོགས་པོ་ཡིན། ངོས་ཀྱི་ཨིན་སྐད་དག་པོ་མེད་པ་དེ་དང་པོ་སྐུ་ཞབས་ཧེན་རིག་ཧེ་ར་ལགས་ཀྱི་གམ་དུ་སྦྱངས་པ་ཡིན། ཕྱིས་སུ་ངོས་ཀྱིས་སྐུ་ཞབས་ཧེན་རིག་ཧེ་ར་ལགས་ཀྱི་ཨིན་ཡིག་གི་ཆུ་ཚད་ཀྱང་ཧ་ཅང་སྐྱོ་པོ་ཡིན་པ་ཤེས་བྱུང་། དགེ་རྒན་རང་ཉིད་ཀྱི་ཨིན་ཡིག་གི་ཆུ་ཚད་སྐྱོ་པོ་ཡོད་སྟབས། ངོས་རང་དགེ་རྒན་ཁོང་གི་སློབ་ཕྲུག་ཡིན་པའི་ཆ་ནས་ངོས་ཀྱི་ཨིན་ཡིག་གི་ཆུ་ཚད་ཀྱང་སྐྱོ་པོ་ཡོད་པ་ཚད་མས་གྲུབ་པ་རེད། ཅེས་ཞལ་ཤོབ་མཛད།དེང་སང་ངོས་ཀྱིས་འཇར་མན་མི་རིགས་ལ་ཡིད་སྨོན་བྱེད་ཀྱི་ཡོད། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་སྐབས་འཇར་མན་ནི་ཕམ་ཉེས་བྱུང་ཡོད། ངོས་ཀྱིས་འཛམ་གླིང་གི་ས་ཁྲར་ལྟ་སྐབས་འཇར་མན་ནི་དབུས་ཡུ་རོབ་ནང་ཆུང་ཆུང་ཞིག་རེད། ཨ་རི་ནི་ཧ་ཅང་ཆེན་པོ་རེད། ཨ་རིས་དབུས་ཡུ་རོབ་ཁུལ་དུ་ཐུབ་ཚོད་བཏང་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་འཇར་མན་ནི་དང་ཉི་ཧོང་གིས་དངོས་གནས་དྲང་གནས་ཞི་བདེའི་ལས་འགུལ་ཤུགས་ཆེ་སྤེལ་ཡོད། ཨ་རིས་ཉི་ཧོང་ནང་རྡུལ་ཕྲན་འབར་རྫས་གཡུགས་པར་བརྟེན་ཉི་ཧོང་གིས་ཧ་ཅང་སྡུག་བསྔལ་མྱངས་ཡོད། དམག་འཁྲུག་དང་རྡུལ་ཕྲན་འབར་རྫས་ཀྱིས་རྐྱེན་པས་འཇར་མན་ནི་དང་ཉི་ཧོང་གིས་ཧ་ཅང་སྡུག་བསྔལ་མྱངས་ཡོད། དེར་བརྟེན་འཇར་མན་ནི་དང་ཉི་ཧོང་གིས་དངོས་གནས་དྲང་གནས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་འདོད་པ་ཤུགས་ཆེ་བྱུང་ཡོད། འཇར་མན་ནི་དང་ཉི་ཧོང་གཉིས་ཀར་འཛམ་གླིང་ཞི་བདེ་བསྐྲུན་རྒྱུའི་ནུས་པ་ཡོད།
བོད་རང་གི་རིག་གཞུང་དེ་འབྲོག་པ་ལས་བྱུང་ཡོད། དེ་ནི་རྙོག་འཛིང་ཅན་ཞིག་མ་རེད། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་བཙུན་མོར་བསུས་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་བསམ་བློ་ཧ་ཅང་གུ་ཡངས་པོ་ཅན་ཞིག་རེད། ཁོང་གིས་བོད་རང་ལ་ཡི་གེ་དགོས་པ་དགོངས་ཏེ་ཐུ་མི་སཾ་བྷོ་ཊ་རྒྱ་གར་ལ་བཏང་ནས་བོད་ཡིག་གསར་གཏོད་གནང་བཅུག་ཡོད། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་རྒྱ་ནག་གི་ཞལ་ལག་ལ་མཉེས་པོ་གནང་ཡོད་ཀྱང་རྒྱ་ནག་གི་ཡི་གེ་དེ་ཧ་ཅང་རྙོག་འཛིང་ཅན་ཞིག་ཡིན་པ་དགོངས་ནས་རྒྱ་གར་གྱི་ཡི་གེ་ (Devanagari) ལ་དཔེ་བལྟས་ནས་དབྱངས་དང་གསལ་བྱེད་ལྡན་པའི་བོད་པའི་ཡི་གེ་གསར་གཏོད་གནང་རྒྱུའི་ཐག་གཅོད་གནང་ཡོད།དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་ཡོད། མཁན་ཆེན་ཞི་བ་འཚོས་ཁྱེད་རང་ཚོར་བོད་ཡིག་ཟུར་དུ་འདུག དེར་བརྟེན་ཁྱེད་རང་ཚོས་ལེགས་སྦྱར་དང་རྒྱ་གར་གྱི་སྐད་དེ་འདྲ་བསླབ་དགོས་པ་མ་རེད། ཁྱེད་རང་ཚོར་ཡི་གེ་ཡོད་པར་བརྟེན་ལེགས་སྦྱར་དང་པཱ་ལིའི་གཞུང་རྣམས་བོད་ཡིག་ནང་གང་ཐུབ་བསྒྱུར་དགོས་པ་རེད་ཅེས་བཀའ་སློབ་གནང་འདུག མཁན་ཆེན་ཞི་བ་འཚོ་ཁོང་རང་གིས་ཀྱང་བོད་ཡིག་སློབ་རྒྱུར་འབད་བརྩོན་གནང་བ་རེད། ཅེས་ངོས་ལ་མཁས་པ་ཚོས་གསུངས་མྱོང་ཡོད། མཁན་ཆེན་ཞི་བ་འཚོས་བཀའ་ཕེབས་པ་ལྟར་བོད་ཀྱི་མཁས་པ་དང་སློབ་ཕྲུག་ཚོས་ལེགས་སྦྱར་སྦྱངས་ཏེ་ལེགས་སྦྱར་དང་པཱ་ལིའི་གཞུང་རྣམས་བོད་ཡིག་ཏུ་བསྒྱུར་ཡོད་པ་མ་ཟད། བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་བོད་ཡིག་ཏུ་བསྒྱུར་ཡོད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དེ་ལྟར་དར་ཡོད། བོད་མི་ཚོས་གཞུང་ཆེན་ཁག་གི་རྩ་བ་བློ་འཛིན་བྱས་ནས་སྦྱོང་གི་ཡོད། ངོས་ཀྱིས་རྒྱ་གར་བ་རྣམས་ལ་རྩེད་མོ་དང་སྦྲགས་བོད་མི་ཚོས་གནའ་སྔ་མོ་རྒྱ་གར་འཕགས་པའི་ཡུལ་ནི་ང་ཚོའི་དགེ་རྒན་ཡིན། ཞེས་བརྗོད་ཀྱི་ཡོད་པ་དང་། གནའ་སྔ་མོ་རྒྱ་གར་གྱི་སློབ་ཕྲུག་བོད་པ་དེ་དག་ད་ལྟ་རྒྱ་གར་གྱི་དགེ་རྒན་ཆགས་ཡོད།
བོད་ཀྱི་ཡི་གེ་གསར་གཏོད་བྱས་པ་ནས་བཀའ་བསྟན་འགྱུར་མང་པོ་བྱུང་བ་དང་དེ་གཞིར་བཞག་ནས་བོད་ལ་རྣལ་འབྱོར་གྱི་དབང་ཕྱུག་དང་མཁས་པའི་དབང་པོ་མང་པོ་ཞིག་བྱོན་པ་རེད། དེང་གི་དུས་སུ་ནང་པའི་ཆོས་དང་རིག་གཞུང་། ལྟ་གྲུབ། ཚད་མ་རིག་པ་སོགས་དང་། ཡང་ན་སེམས་ཁམས་རིག་པའི་སྐོར་ཞུ་དགོས་བྱུང་ན་འཛམ་གླིང་ནང་དུ་བོད་པ་ཚོ་ཤེས་ཚད་ཡག་ཤོས་ཆགས་ཡོད་པ་ཞུ་ཐུབ་པ་ཞིག་རེད། པཱ་ལིའི་ཆོས་བརྒྱུད་ཀྱི་ནང་པའི་ཆོས་གྲོགས་ཚོར་ཚད་མ་རིག་པ་དང་སེམས་ཁམས་རིག་པ་གཏིང་ཟབ་མོ་དེ་ཙམ་ཡོད་པ་མ་རེད། གཙོ་བོ་ལུང་གི་རྗེས་འབྲངས་པ་རེད། རྒྱ་ནག་ལ་དར་བའི་ནང་པའི་ཆོས་བརྒྱུད་ལ་མཚོན་ན་ལེགས་སྦྱར་གྱི་ཆོས་བརྒྱུད་ཆགས་ཡོད་ཀྱང་། ནང་ཆོས་ལ་གཏིང་ཟབ་མོར་སློབ་སྦྱོང་བྱེད་པའི་དར་སྲོལ་ཡོད་པ་མ་རེད། ལྷག་པར་དུ་ཚད་མ་རིག་པའི་སྐོར་ལ་སློབ་སྦྱོང་གནང་གི་ཡོད་པ་མ་རེད། དེ་ལས་ལྡོག་སྟེ་ང་ཚོ་བོད་པ་རྣམས་ཀྱི་ནང་ཆོས་སྤྱི་དང་ཚད་མ་རིག་པའི་ཐོག་ལ་དོ་སྣང་ཧ་ཅང་ཆེན་པོ་ཡོད། བོད་ཀྱི་ནང་ཆོས་ཀྱི་ཤེས་ཚད་ལ་བལྟས་པ་ཡིན་ན་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པ་ཞིག་ཆགས་ཡོད།བོད་ཀྱིས་ཆོས་ལ་སློབ་གཉེར་བྱེད་སྟངས་ནི་ནཱ་ལེནྡྲ་ལ་ལྟོས་ནས་བྱུང་བ་ཡིན་པས་ལུང་གི་རྗེས་འབྲངས་མ་ཡིན་པར་རིགས་པས་དཔྱད་པ་བྱེད་རྒྱུ་ཧ་ཅང་ཤུགས་ཆེན་པོ་ཡོད། དཔེར་ན། བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཀའ་སྩལ་ཡོད་པས་སངས་རྒྱས་རང་ཉིད་ཀྱི་བཀའ་རྩ་བར་བཟུང་ནས་ལོ་བརྒྱ་ཕྲག་རིང་སློབ་གཉེར་ཆེན་པོ་བྱས་ཡོད། རྒྱ་ནག་གི་ནང་པ་ཚོ་ལྟར་ང་ཚོས་ཀྱང་སྒོམ་ཉམས་ལེན་བྱེད་བཞིན་ཡོད་ཀྱང་། སྒོམ་ཉམས་ལེན་ཙམ་མ་ཡིན་པར་ཆོས་ཀྱི་སློབ་གཉེར་ལ་ཧ་ཅང་ནན་ཏན་བྱེད་ཀྱི་ཡོད། ང་ཚོས་སློབ་སྦྱོང་བྱེད་སྐབས་ཐོག་མར་རྩ་བ་བློ་འཛིན་བྱེད་དགོས། ངོས་རང་ལ་ཆ་བཞག་ན་ལོ་དྲུག་ཙམ་ནས་བོད་སྐད་ནང་ཡོད་པའི་རྒྱ་གར་མཁས་པའི་གཞུང་གི་རྩ་བ་བློ་འཛིན་བྱས་ཡོད། ལག་པ་བརྡབ་ནས་རྟགས་གསལ་གཏོང་བའི་ལམ་ལུགས་ནི་བོད་ལ་ཐུན་མོང་མ་ཡིན་པར་དར་བ་ཞིག་རེད། དེ་ནི་ཕྱྭ་བ་ཆོས་ཀྱི་སེང་གེས་གསར་གཏོད་མཛད་པ་ཞིག་རེད། དེ་ལྟ་བུ་ཞིག་གཞན་ལ་ཡོད་པ་མ་རེད། མཚན་ཉིད་པ་ཁ་ཤས་ཤིག་རྟགས་གསལ་གཏོང་དུས་ཧ་ཅང་འཁྲུགས་པོ་ཆགས་ནས་ལག་མཐིལ་ལ་ན་ཟུག་རྒྱག་པའང་ཡོང་གི་ཡོད་པ་རེད། ནང་པའི་ཆོས་བྱེད་མཁན་གྱི་ས་ཕྱོགས་གང་སར་ཡོད་པའི་མི་མང་པོར་འབྲེལ་བ་ཡོད་པས་དེ་དག་ལ་ལྟོས་ན་བོད་ཡིག་ནང་དུ་ཡོད་པའི་སློབ་སྦྱོང་དེ་ཧ་ཅང་སྤུས་དག་པོ་ཞིག་ཡིན་པ་ཞུ་ཐུབ་ཀྱི་རེད། ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་བྱེད་ཀྱི་ཡོད། ལེགས་སྦྱར་ལ་མཚོན་ན་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱི་སྒོ་ནས་ཉམས་ལེན་བྱེད་པ་ཞིག་གསུངས་ཀྱི་ཡོད་པ་དེ་ང་ཚོའི་བོད་ཀྱི་ཉམས་ལེན་ལ་ཏན་ཏན་ཡོད་པ་རེད། ང་ཚོ་བོད་པས་ཆོས་ཉམས་ལེན་བྱེད་པའི་སྐབས་སུ་བྱམས་སྙིང་རྗེ་ཉམས་ལེན་བྱེད་པ་ཙམ་མ་ཡིན་པར་དེ་ཡང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་ཉམས་ལེན་བྱེད་ཀྱི་ཡོད། དེར་བརྟེན། བོད་ཀྱི་རིག་གཞུང་འདི་འཛམ་གླིང་ཞི་བདེ་ལ་ནུས་པ་ཆེན་པོ་ཡོད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ང་ཚོའི་ཉམས་ལེན་བྱེད་སྟངས་གཙོ་བོ་ནི་ཡིད་ཆེས་དང་ལུང་ལ་བརྟེན་པ་མ་ཡིན་པར་རིགས་པ་ལ་བརྟེན་པ་ཡིན་པས་གཞན་ལའང་རིགས་པ་གཙོ་བོར་བྱེད་ནས་ཞུ་བདེ་བ་ཆགས་ཡོད། འཛམ་གླིང་ཞི་བདེའང་ནང་གི་ཞི་བདེ་ནས་ཡོང་དགོས་པར་འབད་བརྩོན་ཞུ་བཞིན་པ་ཡིན།ཆོས་ཀྱི་ཡིད་ཆེས་སོ་སོ་བ་དང་དེའི་ནང་དུ་བྱུང་བའི་ལྟ་གྲུབ་ཀྱི་བསླབ་བྱ་ནི་ཐུན་མོང་ཆགས་ཡོད། ཆོས་ལ་སློབ་སྦྱོང་མི་བྱེད་མཁན་ཡིན་ནའང་སེམས་ཀྱི་ཞི་བདེ་འདོད་ཀྱི་ཡོད། གནས་ཚུལ་འདྲ་མི་འདྲ་བ་མང་པོ་ཞིག་ནང་སེམས་འཁྲུགས་པའི་དབང་གིས་བྱུང་བ་རེད། སྤྱིར་བཏང་མིའི་རང་བཞིན་ལྷན་སྐྱེས་ཀྱི་བློ་ནི་བྱམས་བརྩེ་ལྡན་པ་ཞིག་རེད། མ་ལས་སྐྱེས་པའི་སེམས་ཅན་གང་འདྲ་ཞིག་ཡིན་ནའང་མ་ཡི་བརྩེ་བས་མ་བསྐྱངས་པར་སྲོག་འཚོ་ཐབས་མེད་པ་ཞིག་རེད། དེར་བརྟེན། ང་རང་ཚོར་བཙས་མ་ཐག་པ་ནས་བྱམས་བརྩེའི་ས་བོན་ཡོད། དཀའ་ངལ་ནི་ནར་སོན་རིམ་བཞིན་དེང་དུས་སློབ་སྦྱོང་ནང་དུ་ནང་སེམས་ཀྱི་ཞི་བདེའི་སྐོར་ལ་ཕལ་ཆེར་དོ་སྣང་ཡོད་པ་མ་རེད། འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་གྱི་ཆོས་པ་ཞིག་ཡིན་ན་དཀོན་མཆོག་གིས་བཟོས་པ་རེད། དཀོན་མཆོག་མཁྱེན་ཟེར་བ་ཞིག་མ་གཏོགས་ཡོད་པ་མ་རེད། དེར་བརྟེན། དེང་དུས་ཀྱི་སློབ་སྦྱོང་གི་སྡེ་ཚན་ནང་དུ་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སྐོར་ལ་སློབ་སྦྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཕྱི་གཟུགས་པོའི་འཕྲོད་བསྟེན་ལ་ཆ་བཞག་ནའང་ནང་སེམས་ཀྱི་ཞི་བདེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཁོང་ཁྲོའི་བསམ་པ་ནར་མར་རང་རྒྱུད་ལ་སྐྱེས་པ་ཡིན་ན་སེམས་འཁྲུགས་པ་ཙམ་མ་ཡིན་པར་ལུས་པོའི་འཕྲོད་བསྟེན་ལའང་ཧ་ཅང་གནོད་ཚབས་ཡོད་པ་རེད། དེར་བརྟེན། ཆོས་ཀྱི་རྒྱུ་མཚན་གཅིག་པུ་མ་ཡིན་པར་ལུས་པོའི་འཕྲོད་བསྟེན་དང་སྤྱི་ཚོགས་སོགས་ཕྱོགས་གང་ལ་ལྟོས་ནའང་ནང་སེམས་ཀྱི་ཞི་བདེ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད།ཆོས་ཁས་ལེན་དང་མི་ལེན་ནི་སྒེར་སོ་སོའི་རང་དབང་དང་། སེམས་ཀྱི་ཞི་བདེ་ནི་འགྲོ་བ་མི་སྤྱི་ལ་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། དེའི་ཐོག་ལ་ང་ཚོ་བོད་པའི་ངོས་ནས་ལེགས་སྐྱེས་ཕུལ་རྒྱུ་ཏན་ཏན་ཡོད་པ་རེད། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་ངོས་རང་གིས་དེང་དུས་ཀྱི་ཚན་རིག་པ་མང་པོའི་མཉམ་དུ་གྲོས་མོལ་གྱིས་ནང་སེམས་ཀྱི་ཞི་བདེ་བསྐྲུན་སྟངས་དང་། ཞི་བདེ་དཀྲུག་མཁན་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་ལ་གཉེན་པོ་བསྟེན་སྟངས་སྐོར་ལ་ཐབས་ཤེས་མང་པོ་བཏང་ཡོད། ཐབས་ཤེས་དེ་ཡང་ཆོས་ལུགས་ལ་བརྟེན་པ་མ་ཡིན་པར་ཚན་རིག་པ་དང་མཉམ་དུ་གྲོས་བསྡུར་བྱས་ཡོད་པས་ཉམས་མྱོང་གང་འཚམ་ཞིག་ཡོད་པ་རེད། གྲོས་མོལ་ཞུ་སའི་མི་མང་པོ་ཡོད་ཀྱང་དེའི་ནང་ནས་གཙོ་བོ་ཚན་རིག་པ་མང་ཤོས་ཤིག་ཆགས་ཡོད། དེང་གི་ཚན་རིག་པ་མང་པོ་ཞིག་གིས་འཚོ་བ་སྐྱེལ་དུས་ཚན་རིག་པོ་ཡིན་ཀྱང་། ནང་པའི་རིག་གནས་ལྟར་རྟགས་གསལ་གཏོང་བ་དང་རིགས་པས་དཔྱད་པ་བྱེད་པར་ཧ་ཅང་དགའ་མོས་བྱེད་ཀྱི་འདུག ངོས་རང་ནང་པ་ཞིག་ཡིན་པའི་ཆ་ནས་ནང་ཆོས་ཁྱབ་བསྒྲགས་བྱེད་རྒྱུ་གཙོ་བོ་བྱེད་ཀྱི་མེད། ཡིན་ནའང་། ནང་པའི་གཞུང་ནས་བྱུང་བའི་བསླབ་བྱ་དེ་དག་འཛམ་གླིང་ཞི་བདེ་ལ་ཕན་པའི་ཆེད་དུ་སེམས་ཁུར་ལེན་གྱི་ཡོད། འཛམ་གླིང་ཞི་བདེའི་ཆེད་དུ་བོད་ཀྱི་རིག་གཞུང་ལ་ཧ་ཅང་ནུས་པ་ཆེན་པོ་ཡོད་པ་རེད། དེ་ཡང་ནང་པའི་ཆོས་ལ་བརྟེན་མི་དགོས་པར་རིགས་པའི་དཔྱད་སྟངས་ཀྱི་ཐོག་ནས་ནུས་པ་ཏན་ཏན་ཡོད་པ་རེད། ཅེས་བཀའ་སློབ་སྩལ་རྗེས་རྗེས་དྲི་བ་ཁག་ལ་བཀའ་ལན་སྩལ་ཡོད།སྐབས་དེར་འཇར་མན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཡི་ཀེལ་བྷི་རན་ཌི་ (Michael Brand) ལགས་ཀྱིས། རྒྱ་ནག་དམར་ཤོག་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་ཤུགས་ཇེ་ཆེར་སྤེལ་བཞིན་ཡོད་སྟབས། ང་ཚོས་རྒྱ་ནག་དང་ལྷན་དུ་ཆབ་སྲིད་ཀྱི་ཐོག་ནས་འབྲེལ་བ་ཇི་ལྟར་བྱེད་དགོས་པའི་སྐོར་མགོན་པོ་གང་ཉིད་ཀྱིས་དགོངས་ཚུལ་གསུང་རོགས་གནང་ཞེས་བཀའ་འདྲི་ཞུ་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་སྩལ་དོན། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ག་ཚོད་ཡིན་མིན་ལ་མ་ལྟོས་པར་འཛམ་གླིང་གི་ཆ་ཤས་ཤིག་རེད། རྒྱ་ནག་གིས་རྒྱལ་ཁབ་གཞན་དང་མཉམ་དུ་ཞི་བདེའི་ངང་འཚོ་གནས་བྱེད་དགོས། དང་པོ་རྒྱ་གར་དང་མཉམ་དུ་ཞི་བདེའི་ངང་འཚོ་གནས་བྱེད་དགོས། རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་ཕན་ཚུན་གཏོར་བཤིག་གཏོང་མི་ཐུབ། ཐའེ་ཝན་ཆབ་སྲིད་ཀྱི་ཐོག་ནས་ཧ་ཅང་མགོ་རྙོག་པོ་རེད། འོན་ཀྱང་ཐའེ་ཝན་གྱིས་རྒྱ་ནག་གི་ལོ་ངོ་སྟོང་ཕྲག་ལྷག་གི་རིག་གཞུང་བདག་གཉེར་བྱས་ནས་བསྡད་ཡོད། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གུ་དོག་པོ་རེད། ཕུགས་ལ་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་། ཉི་ཧོང་། ཀོ་རི་ཡ། ཝེ་ཏི་ནམ་བཅས་དང་མཉམ་དུ་ཞི་བདེའི་ངང་འཚོ་གནས་བྱེད་དགོས། ཞེས་སོགས་ཀྱི་བཀའ་ལན་སྩལ།
མཐར་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཝོལ་གང་གྷི་རབ་ཌར་ (Wolfgang Grader) ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། །