༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༨ རེས་གཟའ་ལྷག་པ་ཉིན་ཀོ་རི་ཡཱ་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད་བྱམས་བརྩེ་དང་འཚེ་མེད་ཞི་བའི་སྐོར་བཀའ་སློབ་བཀའ་དྲིན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པ་ཙམ་ལ་མགོན་པོ་གང་ཉིད་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་གཟིམ་ཆུང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ཀོ་རི་ཡའི་ཆོས་གྲོགས་ཚོ་ལ་ནང་ཆོས་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། ངོས་རང་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཤིག་ཆགས་ཡོད། བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་འདི་མཁན་ཆེན་ཞི་བ་འཚོས་དཔལ་ནཱ་ལེནྡྲ་ཆོས་བརྒྱུད་བཙུགས་གནང་བར་བརྟེན་ལོ་ངོ་སྟོང་ཕྲག་ལྷག་རིང་བོད་པ་ཚོས་དཔལ་ནཱ་ལེནྡྲའི་གཞུང་ཆེན་མོར་སློབ་སྦྱོང་བྱས་པའི་ཐོག་ནས་བསླབ་པ་གསུམ་ཉམས་ལེན་བྱེད་རྒྱུ་ཤོད་ཀྱི་ཡོད་པ་རེད། ངོས་ལ་ཆ་བཞག་ནའང་སློབ་སྦྱོང་དེ་ལྟར་བྱས་ནས་དང་པོ་ཐོས་བྱུང་གི་ཤེས་རབ་བཙལ། དེ་ནས་བསམ་བྱུང་གི་ཤེས་རབ་ཐོག་ནས་སེམས་ལ་ངེས་པ་ཐོབ་པ་ཞིག་བྱས། དེ་ནས་གཞི་འབྲས་ཐོབ་མེད་ནའང་དཔྱད་འཇོག་ཟུང་སྦྲེལ་ཐོག་བསམ་བློ་བཏང་ནས་སེམས་ལ་ཉམས་མྱོང་གང་ཙམ་ཡོད་པ་ཞིག་ཡོད་སྟབས། ཁྱེད་རང་ཚོ་ཆོས་གྲོགས་ཚོར་ངོས་ཀྱི་ཉམས་མྱོང་དང་འབྲེལ་ནས་འགྲེལ་བཤད་ཞུ་གི་ཡིན།དང་པོ་དེར་ངོས་ཀྱིས་སྤྱིར་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད་པ་རེད། མིའི་ཁམས་དང་མོས་པ་སྣ་ཚོགས་ཡིན་པར་བརྟེན་ལྟ་གྲུབ་འདྲ་མིན་ཡོད་པ་དེ་དག་གིས་ཁམས་དང་མོས་པ་མི་འདྲ་བར་ཕན་གྱི་ཡོད། བཅོམ་ལྡན་འདས་རང་ཉིད་ཀྱིས་རིགས་ཅན་གསུམ་ལྟ་བུ་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པ་མ་ཟད། ལྷག་པར་ལྟ་གྲུབ་ཀྱི་ཐོག་ལ་ཁམས་དང་མོས་པ་མི་འདྲ་བ་ཡོད་སྟབས། དེ་ལུགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁམས་དང་མོས་པ་དང་འཚམ་པ་གསུང་ཡོང་གི་འདུག དེར་བརྟེན་སེམས་ཅན་ཁམས་དང་མོས་པ་སྣ་ཚོགས་ཡོད་པ་ཡིན་སྟབས། ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་གིས་ཕན་གྱི་ཡོད་པ་རེད། གང་ལྟར་ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་གྱུར་གང་ཡིན་ཞེ་ན། སེམས་བཟང་པོ་བྱེད་དགོས། གཞན་ལ་གནོད་པ་མ་བྱེད། བྱམས་བརྩེའི་ཉམས་ལེན་བྱེད་དགོས། ཞེས་ཆོས་ལུགས་ཚང་མས་གསུང་གི་འདུག ལྟ་གྲུབ་མི་འདྲ་བ་ཡོད་ནའང་བསླབ་བྱ་གཙོ་བོ་སེམས་བཟང་པོ་བྱེད་དགོས་པ་དང་། འཚེ་བ་མི་བྱེད་རྒྱུ། ཀུན་ལ་ཕན་བདེ་སྒྲུབ་རྒྱུ་ཆོས་ལུགས་ཚང་མས་གསུང་གི་འདུགང་ཚོའི་ལོ་རྒྱུས་ནང་སྐབས་རེ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་རྒྱུ་རིགས་བྱུང་ཡོད། དེ་དག་འདས་པའི་ལོ་རྒྱུས་རང་ལ་ཆ་བཞག་ནས་མ་འོངས་པར་རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཚང་མ་ཡོད་པ་དེ་དག་གིས་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་དང་སྐབས་རེ་ཕན་ཚུན་སློབ་སྦྱོང་བྱེད་ཀྱི་ཡོད། དེར་བརྟེན་རྒྱ་གར་ནང་ཆོས་ལུགས་མཐུན་སྒྲིལ་ཧ་ཅང་སྤུས་དག་པོ་ཡོད་པ་དེ་དག་ལ་སློབ་སྦྱོང་བྱེད་དགོས། རྒྱ་གར་ནི་མི་འབོར་ཆེ་ཤོས་གྲས་ཀྱི་རྒྱལ་ཁབ་རེད། རྒྱ་ནག་ཨང་དང་པོ་དང་རྒྱ་གར་ཨང་གཉིས་པ་རེད། དེའི་ནང་འཛམ་གླིང་གི་ཆོས་ལུགས་ཚང་མ་ཡོད། ཆོས་ལུགས་གཅིག་གིས་གཅིག་ལ་བརྩི་བཀུར་བྱེད་བཞིན་པ་དངོས་ཡོད་གནས་ཚུལ་ལ་ཡོད་པ་ཡིན་དུས་འཛམ་གླིང་ས་ཁུལ་གང་སར་རིས་མེད་ཀྱི་ཆོས་ལུགས་དེ་དག་མཐུན་པོ་བྱས་ནས་མིག་དཔེ་སྟོན་ཐུབ་རྒྱུ་ཞིག་རེད་འདུག
མདོ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་སེམས་ཅན་གྱི་སྡུག་བསྔལ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་གིས་སེལ་ཐུབ་ཐབས་མེད། སྡུག་བསྔལ་གྱི་རྒྱུ་སྡིག་པ་དེ་དག་ཆ་ཡིས་བཀྲུ་རྒྱུ་མེད། དེ་བཞིན་བཅོམ་ལྡན་འདས་རང་ཀྱི་ཐུགས་རྒྱུད་ལ་ཡོན་ཏན་ཡོད་པ་དེ་དག་ང་ཚོ་ལ་མར་སྦྱིན་རྒྱུ་མེད། འོ་ན་གདུལ་བྱའི་དོན་དུ་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། མཐར་མངོན་པར་རྫོགས་པའི་སངས་རྒྱས་ཏེ་སེམས་ཅན་གྱི་དོན་འབའ་ཞིག་མ་གཏོགས་མཛད་རྒྱུ་མེད།བཅོམ་ལྡན་འདས་ཀྱི་གདུལ་བྱའི་དོན་ཅི་ལྟར་མཛད་ཀྱི་ཡོད་ཅེ་ན། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། ཞེས་ཆོས་རྣམས་ཀྱི་ཡིན་ལུགས་མར་འགྲེལ་བཤད་བསྐྱོན་གྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་མགོན་ཞེས་གསུང་གི་འདུག མ་འོངས་པར་སོ་སོ་ག་འདྲ་ཡོང་དང་མི་ཡོང་བ་ནི་སོ་སོའི་ལག་ཏུ་ཡོད་པར་བརྟེན་བཅོམ་ལྡན་འདས་ཀྱི་ལས་འགན་ནི་ང་ཚོར་བསླབ་བྱ་བསྐྱོན་པ་དེ་རེད། བླང་དོར་གྱི་གནས་སྟོན་བཞག་པ་དེར་ང་རང་ཚོས་ལག་བསྟར་བྱས་ནས་སྡུག་བསྔལ་གྱི་རྩ་བ་རྒྱུད་མ་འདུལ་བའི་རྐྱེན་གྱིས་ཡོང་གི་ཡོད་སྟབས། རྒྱུད་མ་འདུལ་བ་དག་ཉམས་ལེན་བྱས་ནས་རིམ་བཞིན་སེམས་ལ་འགྱུར་བ་ཐེབས་པའི་ཐོག་ནས་ང་རང་ཚོའི་སངས་རྒྱས་པའི་གཞུང་ནས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་ཞེས་རིམ་པས་བློ་ལ་ཡར་རྒྱས་ཕྱིན་ནས་འགྲོ་རྒྱུ་ཞིག་གསུང་གི་ཡོད།
བཅོམ་ལྡན་འདས་ཀྱི་བསླབ་བྱ་སྙིང་པོ་དེ་གང་གསུང་གི་ཡོད་དམ་ཞེ་ན། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་རྣམ་ཐར་སྒོ་གསུམ་པོ་འདི། མ་རིག་པའི་གཉེན་པོར་བརྟེན་རྒྱུ་གཙོ་བོ་ནི་རྣམ་ཐར་སྒོ་གསུམ་གྱི་གནས་ལུགས་དོན་བཤད། གནས་ཚུལ་གྱི་དོན་ལ་ཡང་ནས་ཡང་དུ་བསམ་བློ་བཏང་། དཔྱད་འཇོག་ཟུང་སྦྲེལ་གྱི་ཐོག་ནས་སེམས་ལ་ངེས་པ་བརྙེད་དུས། སེམས་ལ་འགྱུར་བ་འགྲོ་ཐུབ། ངོས་རང་སྒེར་ལ་ཆ་བཞག་ན་ལོ་མང་པོར་དཔྱད་འཇོག་ཟུང་སྦྲེལ་གྱི་ཐོག་ནས་ཉིན་རེ་བཞིན་སྒོམ་རྒྱག་གི་ཡོད། དེས་སེམས་ལ་འགྱུར་བ་ཐེབས་རྒྱུ་ཏན་ཏན་འདུག འགྱུར་བ་ཐེབས་པའི་ལག་རྗེས་སུ་སེམས་ཞི་བདེ་དང་། རྐྱེན་གང་འཕྲད་པ་ཡིན་ནའང་རྐྱེན་ངན་བྱང་ཆུབ་ལམ་དུ་རྒྱུག་ཐུབ་པ་བསམ་བློའི་ཐོག་ནས་ཡོང་ཐུབ་པ་ཞིག་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ། །