༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཌོ་ནེ་ཤི་ཡའི་(Indonesian)རྒྱལ་ཡོངས་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་གསུང་ཆོས་བཀའ་དྲིན་བསྩལ་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༡ ཉིན་ཨིན་ཌོ་ནེ་ཤི་ཡའི་ནང་པའི་ཆོས་ཚོགས་བཀའ་གདམས་ཆོས་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་ཐད་གཏོང་བརྒྱུད་རྒྱ་གར་གྱི་ཆུ་ཚོད་ ༩ ནས་ ༡༠ བར་ཨིནྡོ་ནེ་ཤི་ཡའི་རྒྱལ་ཡོངས་སློབ་གྲྭ་འདྲ་མིན་གྱི་སློབ་ཕྲུག་རྣམས་ལ་བཀའ་ཆོས་དང་། དེ་རྗེས་དྲི་བ་དྲིས་ལན་བཀའ་དྲིན་སྩལ་རྒྱུ། ད་ལམ་གྱི་བཀའ་ཆོས་འདི་བཞིན་ཨིན་ཌོ་ནེ་ཤི་ཡའི་ནང་སློབ་གྲྭ་འདྲ་མིན་དུ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐྱེས་རབས་འཆད་སྤེལ་གྱི་ལས་རིམ་ཁོངས་སུ་གོ་སྒྲིག་ཞུས་པ་ཞིག་ཡིན། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ། །